[A:329]པ་ཅན་གྱི་བང་སོ་ནི། །དོན་མཁར་མདའ་ཡི་གཡོན་ཟུར་དེ་རུ་བརྩིག །བང་སོ་དེའང་རིན་ཆེན་ནོར་གྱིས་བཀང༌། །མིང་ནི་ཁྲི་སྟེང་རྨང་རི་ཟེར་རོ་སྐད། །དེ་ནས་རྗེའི་མངའ་ཐང་ནི་དགུན་ཁའི་འབབ་ཆུ་བཞིན་བྲི། དགེ་བཅུའི་རྒྱལ་ཁྲིམས་ནི་སོག་རུལ་གྱི་ཕོན་ཐག་བཞིན་ཞིག བོད་འབངས་ཀྱི་བསོད་ནམས་ནི་སྣུམ་ཟད་ཀྱི་མར་མེ་བཞིན་སོང༌། ཆབ་སྲིད་ཕན་བདེ་ནི་ནམ་མཁའི་འཇའ་བཞིན་ཡལ། ནག་ཕྱོགས་ཀྱི་སྤྱོད་པ་ནི་ཡུལ་ངན་གྱི་འཚུབ་མ་བཞིན་ལངས། བཟང་བྱེད་ཀྱི་བསམ་བློ་ནི་མདང་སུམ་གྱི་རྨི་ལམ་བཞིན་བརྗེད། དེ་ལྟར་དུ་གྱུར་ཏེ། ལོ་པཎ་དང་མཆོད་གནས་ལ་ཞབས་ཏོག་མེད་པར་སོ་སོའི་ཡུལ་ལ་བཞུད། ཆོས་བསྒྱུར་འཕྲོ་རྣམས་བསྒྱུར། བློན་འབངས་ཆོས་ལ་དགའ་བ་རྣམས་ནི་མྱ་ངན་གྱིས་ནོན་ཏེ་བྱ་ཐབས་མེད་པར་གྱུར་ཏོ། །
ཉེར་དྲུག་པ། དེ་ནས་སྦས་སྟག་རྣ་ཅན་ལ་སོགས་པའི་སྡིག་བློན་ངན་པ་རྣམས་དབང་ཆེས་པས་རྒྱལ་པོ་ཁྲི་གླང་དར་མ་དབུ་དུམ་བཙན་བདུད་ཀྱི་སྤྲུལ་པ། ཆོས་ལ་མི་དགའ་ཞིང༌། སྡིག་པའི་སེམས་དང་ལྡན་པ་དེ། རྒྱལ་སར་བསྐོས་ཏེ་རྒྱལ་ཁམས་ལ་དབང་བྱས་སོ། །དུས་དེར་པཎྜི་ཏ་དཱ་ན་ཤཱི་ལས་ལྷ་སའི་ཤར་རྨེ་རུ་ལྷ་ཁང་དུ་མཚམས་བཅད་ནས། ཛཾ་ལྷ་བསྒྲུབས་པས་དཀའ་བར་བྱུང་བ་དང༌། པཎྜི་ཏ་ཁྲོས་ཏེ། ཛཾ་ལྷ་འཇིམ་གཟུགས་དེའི་གྲོད་པར་མཁར་སིལ་གྱི་རྟིང་པས་བརྒྱབ་པས།
ལྕགས་ཀྱི་རྡོ་རྗེ་ཡིན་ཟེར་བའང་འདུག
གྲོད་པ་ནས་གསེར་མང་པོ་བྱུང་བ་དང༌། དེ་ལ་རྒྱུ་བྱས་ཏེ་སྐུའི་རྟེན་དུ་ཁརྶ་པ་ཎི། གསུང་གི་རྟེན་དུ་གསེར་ཁྲི། ཐུགས་ཀྱི་རྟེན་དུ་དངུལ་བྱ་ཁུན་བུ་ཅན་རྣམས་བཞེངས། དེའི་ཉེ་གནས་ཁ་ཆེ་ཨུཏྤ་ལས་དངུལ་གྱི་བྱམས་པ་བཞེངས། དགོངས་དུས་ཀྱི་མཆོད་པ་བཙུགས། དུས་