[A:330]དེར་སད་དང་སེར་བ་དང༌། བཙའ་དང༌། མུ་གེ་དང༌། མི་ནད་ཕྱུགས་ནད་ལ་སོགས་པ་བྱུང་བས། དེ་ལ་སྙད་བྱས། རྒྱལ་པོའི་ཐུགས་ལ་གདོན་གསོལ་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་སོ། །རབ་ཏུ་བྱུང་བ་རྣམས་ལ་ལ་ཤན་པ་བཅོལ། ལ་ལ་རྟགས་དང་ཕྲལ། ལ་ལ་རི་དྭགས་བཤོར་དུ་བཅུག མ་ཉན་པ་རྣམས་སྲོག་དང་ཕྲལ། ལྷ་ཁང་འཇིག་པའི་སྔོན་མ་ལྷ་ས་ལ་བྱས་ཏེ། ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར་གསུངས་པ་ཆོས་བློན་རྣམས་ཀྱིས་ཐབས་བྱས་ཏེ། རང་རང་གི་ཁྲིའི་འོག་ཏུ་སྦས། བྱམས་པའི་སྐུ་རས་ཀྱིས་དྲིལ་ནས། འོ་ཐང་གི་མཚོ་འགྲམ་དུ་སྦས། ནང་གི་ལྡེར་སྐུ་རྣམས་ཆུ་ལ་བསྐྱུར་བསམས་ནས། ཕྱག་ན་རྡོ་རྗེའི་མགུལ་ལ་ཐག་པ་བཏགས་པས། འདོགས་མཁན་སྐད་ཅིག་ལ་ཁྲག་སྐྱུགས་ནས་ཤི་བས་ལྷ་ཁང་འཇིག་འཕྲོ་བཅད། ལྷ་ས་དང་བསམ་ཡས་ལ་སོགས་པའི་སྒོ་རྩིག
རྨེ་རུ་མ་གཏོགས།
གཞན་ལྷ་ཁང་ཆུང་བ་ཐམས་ཅད་བཤིག གླེགས་བམ་ལ་ལ་ཆུ་ལ་བསྐྱུར། ལ་ལ་མེ་ལ་སྲེགས། ལ་ལ་གཏེར་བཞིན་སྦས་སོ། །བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་རྒྱལ་པོའི་ཐུགས་ལ་གདོན་གསོལ་བར་ཤེས་ནས་མྱ་ངན་དྲག་ཏུ་བྱེད་ཅིང་མགྲིན་གཅིག་ཏུ་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྨད་པར་མི་རིགས། སྔར་སྲོལ་བཟང་པོ་ལ་དགོངས་ནས། ཡབ་མེས་ཀྱི་ཡིག་ཚངས་ལ་གཟིགས་ཤིག་ཅེས་ངུས་སོ། །དུས་དེར་ཆུ་བོ་རིའི་སྒོམ་གྲྭ་ན། གཡོ་དགེ་འབྱུང༌། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་སྒོམ་གྱིན་ཡོད་པ་ལ། བཙུན་པ་གཅིག་གིས་ཤམ་ཐབས་བརྫཻས་ལག་ཏུ་མདའ་གཞུ་ཐོགས། མགོ་ལ་བྱ་སྒྲོ་བཙུགས་ནས་འཕྲལ་དུ་ཁྱི་ཁྲིད་ནས་རི་དྭགས་བཤོར་གྱྀན་འདུག་པ་གཡོ་དགེ་འབྱུང་གིས་མཐོང་ནས། བན་རྒན་འཁྲུལ་ལམ། བཙུན་པ་སྨྱོ་ཟེར་ཅི་བྱུང་དྲིས་