[A:337]ཤེས་རབ་སེང་གེ ལོ་སྟོན་རྡོ་རྗེ་དབང་ཕྱུག སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་དང་བདུན་གྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་མཁན་པོ་ཞུས། ཅོ་རོ་ཤེས་རབ་བྱང་ཆུབ་ལ་སློབ་དཔོན་ཞུས་ནས་བཀའ་དྲིན་མནོས་སོ། །དེའི་རྟིང་ལ་ཕྱིན་པ་ལྔ་ནི། མཐའ་བཞི་རྒྱལ་འཕགས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་བཙུན་བློ་གྲོས་དབང་ཕྱུག སྐྱེས་ལེགས་ཉང་བྲན་ཆོས་སྐྱབས། གྲུམ་ཤིང་ཤེས་རབ་སྨོན་ལམ་མོ། །དེ་ལྟར་སྔོན་ལ་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པའི་མི་བདུན་པོ་དེས་སྡོམ་པ་བླངས་ནས་ཕྱིར་འོངས་པ་དང༌། རྟིང་ལ་ཕྱིན་པའི་མི་ལྔ་པོ་དག་ལམ་ལ་འཕྲད་དེ། གར་འགྲོ་དྲིས་པས། ཁམས་སུ་སྡོམ་པ་ལེན་དུ་འགྲོ་ཟེར་བས། སྔོན་མ་རྣམས་ན་རེ། ངེད་རྣམས་ཀྱི་སྡོམ་པ་གསུམ་ལྡན་དུ་བླངས་ཡོད་པས་ངེད་ཀྱིས་སྡོམ་པ་ཕོག་པས་ཆོག་ཐག་རིང་ལ་འགྲོ་མི་དགོས་ཟེར་བ་ལ་མ་ཉན་པར་ཁམས་སུ་ཕྱིན་ཏེ། སྔར་གྱི་མཁས་བཙུན་རྣམས་དང་མཇལ། སྡོམ་པ་བླངས་ཏེ་ཕྱིར་དབུས་གཙང་དུ་སླེབས་ནས་བསམ་ཡས་ཀྱི་བཙད་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་གྲོངས་འདུག་ནའང༌། དེའི་སྲས་བཙད་པོ་ཁྲི་པས་བདག་རྐྱེན་མཛད་དེ། ཀླུ་མེས་ལ་སོགས་པ་རྣམས་ཀྱིས་དབུས་གཙང་ཐམས་ཅད་དུ་ལྷ་ཁང་བསམ་གྱིས་མི་ཁྱབ་པ་བརྩིགས་དགེ་འདུན་གྱི་སྡེ་བཙུགས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སླར་ཤིང་སྐམ་གྱི་ཕུང་པོ་ལ་མེ་འབར་བ་ལྟ་བུར་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པ་ན་བསྟན་པའི་སྲོག་རྩ་ལེགས་པར་བཟུང་མེ་རོ་བསླངས་ནས་བོད་མུན་པའི་གླིང་དུ་སྒྲོན་མེ་འབར་བར་མཛད་པ་གོང་དུ་བཤད་པའི་ཁམས་དབུས་ཀྱི་མཁས་བཙུན་རིམ་པར་བྱོན་པ་དེ་རྣམས་དང་མངའ་བདག་ཡེ་ཤེས་རྒྱལ་མཚན་ཡབ་སྲས་རྣམས་སྐུ་དྲིན་ཤིན་ཏུ་ཆེའོ། །