[A:146]ཅན་ནས་པདྨའི་ཟེ་འབྲུ་ལས། །བརྫུས་ཏེ་འཁྲུངས་པའི་སྤྲུལ་སྐུ་ཟུར་ཕུད་ཅན། ། གངས་རིའི་མདོག་ཅན་རིན་ཆེན་རྒྱན་གྱིས་སྤྲས། །ཡིད་འོང་གཟུགས་མཛེས་མཐོང་བས་སེམས་ཡིད་འཕྲོག །ངོ་མཚར་མཚན་དཔེས་བརྒྱན་པའི་སྤྲུལ་སྐུ་འདི།། བདག་གི་གདུང་བརྒྱུད་འཛིན་པའི་རྒྱལ་བུའམ། །སེམས་ཅན་དོན་མཛད་སྤྲུལ་པའི་སྐུ་གཅིག་ལགས། །ཞེས་གསོལ་བས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་པ། ཡན་ལག་བརྒྱད་ལྡན་པདྨ་རྒྱས་པའི་མཚོ། །པདྨ་ལས་འཁྲུངས་རྒྱལ་སྲས་སྤྲུལ་པའི་སྐུ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ། ཀུནྡའི་མདོག་ཅན་རིན་ཆེན་རྒྱན་གྱིས་མཛེས། །མཚན་དཔེ་ངོ་མཚར་ལྡན་པའི་སྐུ་མཆོག་འདི། ཁྱོད་ཀྱི་རྒྱལ་བརྒྱུད་འཛིན་པའི་འོས་མིན་ཅིང༌། །མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །གང་ལ་གང་འདུལ་སྤྲུལ་པའི་སྐུ་གཅིག་ལགས། །ཞེས་གསུངས་སོ། །དེའི་ཚེ་ས་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་སྤྲུལ་སྐུ་དེའི་དབུ་ལ་ཕྱག་བཞག་ནས་བཀའ་སྩལ་པ། རིགས་ཀྱི་བུ་མཐའ་འཁོབ་ཁ་བ་ཅན་ན་གནས་པའི་སེམས་ཅན་རྣམས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་ཐུལ། མ་འོངས་པའི་སངས་རྒྱས་ཀྱིས་ཀྱང་འདུལ་བར་མ་གྱུར། ད་ལྟའི་སངས་རྒྱས་རྣམས་ཀྱིས་ཀྱང་འདུལ་དཀའ་བ་དེ། སྔོན་གྱི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་འདུལ་བར་འགྱུར་བ་ལེགས་སོ། །ལེགས་སོ། ཁ་བ་ཅན་ན་གནས་པའི་སེམས་ཅན་རྣམས་ཀྱིས། འཕགས་པ་ཁྱེད་ཀྱི་སྐུ་མཐོང་ཞིང༌། ཡི་གེ་དྲུག་པའི་སྒྲ་ཐོས་ནས། དེ་མ་ཐག་ཏུ་ངན་སོང་གསུམ་ལས་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་པར་གྱུར་ཅིག ཁ་བ་ཅན་ན་གནས་པའི་འདྲེ་