R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 147
[A:147]སྲིན་དང༌། གདོན་བགེགས་དང༌། ཤ་ཟ་ལ་སོགས་པ་སེམས་ཅན་རྣམས་ཀྱི་མདངས་འཕྲོག་པ། སྲོག་ལ་བར་དུ་གཅོད་པ་དེ་དག་ཐམས་ཅད་ཀྱིས་འཕགས་པ་ཁྱེད་ཀྱི་སྐུ་མཐོང་ཞིང་ཡི་གེ་དྲུག་པའི་སྒྲ་ཐོས་ནས། གནོད་པའི་བསམ་པ་རབ་ཏུ་ཞི་སྟེ། ཕན་བདེ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག ཁ་བ་ཅན་ན་གནས་པའི་སེམས་ཅན་སྟག་དང༌། གཟིག་དང༌། དོམ་དང༌། དྲེད་དང༌། གཅན་གཟན་མ་རུངས་པ་གདུག་པའི་སེམས་དང་ལྡན་ཞིང༌། ངར་སྐད་ཐོས་པ་ཙམ་གྱིས་སྐྲག་པར་བྱེད་པ། སྲོག་ཕྲོགས་ནས། ཤ་ལ་ཟ་ཞིང༌། ཁྲག་ལ་འཐུང་བ་དེ་དག་གིས་འཕགས་པ་ཁྱེད་ཀྱི་སྐུ་མཐོང་ཞིང༌། ཡི་གེ་དྲུག་པའི་སྒྲ་ཐོས་པ་ཙམ་གྱིས་གདུག་པའི་བསམ་པ་རབ་ཏུ་ཞི་ནས། ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག ཁ་བ་ཅན་ན་གནས་པའི་སེམས་ཅན་གང་དག་བཀྲེས་དང་སྐོམ་པས་ལུས་གཟིར་ཅིང༌། སྡུག་བསྔལ་ལ་ཉམ་ཐག་པ་དེ་དག་ཐམས་ཅད་འཕགས་པ་ཁྱེད་ཀྱི་སྐུ་མཐོང་ཞིང༌། ཡི་གེ་དྲུག་པའི་སྒྲ་ཐོས་པ་ཙམ་གྱིས་ཟས་སྐོམ་བདུད་རྩིའི་ཆར་བབ་ནས། ཅི་འདོད་པའི་ཡིད་ཚིམ་སྟེ། བཀྲེས་སྐོམ་གྱི་སྡུག་བསྔལ་རབ་ཏུ་ཞི་བར་གྱུར་ཅིག ཁ་བ་ཅན་ན་གནས་པའི་སེམས་ཅན་ངན་པ་དང༌། ལོང་བ་དང༌། ནད་པ་དང༌། དབང་པོ་མ་ཚང་བ་དང༌། མགོན་མེད་ཅིང་སྐྱབས་མེད་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས། འཕགས་པ་ཁྱེད་ཀྱི་སྐུ་མཐོང་ཞིང༌། ཡི་གེ་དྲུག་པའི་སྒྲ་ཐོས་པ་ཙམ་གྱིས་ནད་ཐམས་ཅད་ལས་ཡོངས་སུ་ཐར་ཞིང༌། དབང་པོ་ཐམས་ཅད་ཚང་ལ་མཐུ་སྟོབས་དང་ལྡན་པར་གྱུར་ཅིག ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱིས་འཕགས་པ་ཁྱེད་ཀྱི་སྐུ་མཐོང་བ་དང༌། འཆི་བའི་ཚེ་བསྲིང་བར་གྱུར་ཅིག ན་བའི་སྨན་ཆེན་པོར་གྱུར་ནས་ནད་ལས་ཐར་བར་གྱུར་