R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 148
[A:148]ཅིག མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་ཅིག མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་དུ། ཡི་དམ་ལྷའི་སྐལ་བ་ནི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཡི་དམ་ཁྱེད་ལ་བརྟེན་ནས་མ་འོངས་པའི་དུས་སུ་མཐའ་འཁོབ་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ། །ཆོས་ཀྱི་སྐལ་བ་ནི་ཡི་གེ་དྲུག་པ་འདི་ཡིན་ཏེ། སྙིང་པོ་འདི་ལ་བརྟེན་ནས། མ་འོངས་པའི་དུས་སུ་མཐའ་འཁོབ་དེར། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་དར་ཞིང་རྒྱས་པར་འགྱུར་ཏེ། དམ་པའི་ཆོས་ལ་ལོངས་སྤྱོད་པར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ༑ ཡི་གེ་དྲུག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་གཅིག་ཏུ་བསྡུས་པའི་སྙིང་པོ། སངས་རྒྱས་རིགས་ལྔ་དང་གསང་བའི་བདག་པོ་རྣམས་ཀྱི་སྙིང་པོ་ཡིག་འབྲུ་རེ་རེ་ནས་བསྡུས་པའི་གཟུངས་སྔགས། དགེ་ལེགས་དང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕན་བདེའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། མཐོ་རིས་དང་ཐར་པའི་ལམ་ཆེན་པོ་ཡིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཆོས་ཐམས་ཅད་ཀྱི་སྙིང་པོ་གསུང་མཆོག་ཡི་གེ་དྲུག་པ་འདི་ལན་ཅིག་མཐོང་བས་ཀྱང༌། ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། འགྲོ་བ་སྒྲོལ་བའི་དེད་དཔོན་དུ་འགྱུར་རོ། །ཐོས་པས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་སྟེ། འགྲོ་བ་སྒྲོལ་བའི་དེད་དཔོན་དུ་འགྱུར་རོ། །གྲོག་སྦུར་རམ། དུད་འགྲོ་འཆི་ཁ་མའི་རྣ་བར་ཐོས་ན། ལུས་དེ་ལས་གྲོལ་ཏེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དྲན་པས་ཀྱང་གངས་ལ་ཉི་མ་ཕོག་པ་དང་འདྲ་སྟེ། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་ཐམས་ཅད་དག་ནས།