R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 149
[A:149] བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རེག་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབང་བསྐུར་ཐོབ་པ་ཡིན་ནོ། །ལན་ཅིག་བསྒོམ་པ་ཙམ་གྱིས་ཐོས་བསམ་སྒོམ་གསུམ་གྱི་གོ་ཆོད་ནས། སྣང་ཚད་ཆོས་སྐུར་ཤར། འགྲོ་དོན་ཕྲིན་ལས་ཀྱི་གཏེར་ཁ་ཕྱེ་བ་ཡིན་ནོ། །ལུས་ལ་བཅང་ན་རིགས་ཀྱི་བུ་དེའི་ལུས་སངས་རྒྱས་ཀྱི་རིང་བསྲེལ་དུ་གྱུར་ནས། བཞི་བརྒྱ་རྩ་བཞིའི་ནད་ཀྱིས་མི་ཚུགས་ཤིང༌། མེ་དང༌། ཆུ་དང༌། དུག་དང༌། མཚོན་དང༌། སྟེང་འོག་གི་གདོན་ལ་སོགས་པ་གང་གིས་ཀྱང་མི་ཚུགས་པར་འགྱུར་རོ། །ཡི་གེ་དྲུག་པ་འདི་རིན་པོ་ཆེའམ། རས་སམ། ཤོག་གུའམ། ཤིང་ཤུན་ནམ། ཐ་ན་ས་དང༌། རྡོ་ལ་སོགས་པ་ལ་བྲིས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲི་རུ་བཅུག་པ་ཡིན་ཏེ། ཚེ་འདིར་བདེ་སྐྱིད་ལ་ལོངས་སྤྱད་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ལ་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཅིག གཞན་ཡང་རིའི་རྒྱལ་པོ་རི་རབ་སྲང་ལ་གཞལ་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །རྡོ་རྗེའི་བྲག་ལ་ཀཱ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་ལན་རེ་ཕྱིས་ན་ཟད་པར་ནུས་ཀྱི། ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་ སོ༑ ༑རྒྱ་མཚོ་ཆེན་པོའི་ཆུ་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། ཁ་བ་ཅན་གྱི་རྡུལ་ཕྲ་རབ་རྩི་ཤིང་ནགས་ཚལ་རྣམས་རེ་རེ་ནས་བགྲང་བར་ནུས་ཀྱི༑ ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །དེ་བཞིན་དུ། ཁང་པ་དཔག་ཚད་བརྒྱ་ཏིལ་གྱིས་བཀང་སྟེ་ཉིན་