R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 151
[A:151]ཁྲིམས་ཕ་རོལ་ཕྱིན། །ཉོན་མོངས་སྐྱོན་བྲལ་བཅོམ་ལྡན་འདས། །སྐུ་གསུམ་ལྷུན་གྲུབ་སྤྲུལ་པའི་སྐུ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པད་ནི་བསམ་གཏན་ཕ་རོལ་ཕྱིན། །རྣམ་གཡེང་མེད་པའི་བཅོམ་ལྡན་འདས། །ཤེས་བྱ་ཐམས་ཅད་མཁྱེན་པའི་སྐུ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན། །ལེ་ལོ་མེད་པའི་བཅོམ་ལྡན་འདས། །མཁྱེན་བརྩེ་འགྲོ་ལ་ཁྱབ་པའི་གསུང༌། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕྲིན་ལས་ཀུན་འདུས་བཅོམ་ལྡན་འདས། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཐུགས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །ཆོས་ཀྱི་སྙིང་པོ་བླ་ན་མེད། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས། སྤྱི་བོར་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །མ་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཎི་ཡིས་འགྲོ་དྲུག་འདྲེན་པར་བྱེད། །པད་ཀྱིས་སྡུག་བསྔལ་ཐམས་ཅད་ཞི། །མེ་ཡིས་སྡིག་སྒྲིབ་སྲེག་པར་བྱེད། །ཧཱུྃ་གིས་ཡོན་ཏན་ཐམས་ཅད་འདས། །ཡི་གེ་དྲུག་པའི་བྱིན་རླབས་ཀྱིས། ཁ་བ་ཅན་པའི་སེམས་ཅན་རྣམས། །ཐར་པའི་ལམ་ལ་འཁོད་པར་ཤོག །རྒྱལ་བ་ཀུན་གྱིས་བྱིན་བརླབས་པའི། །ཡང་སྙིང་འདུས་པའི་སྙིང་པོ་འདི། །ཕན་བདེ་ཀུན་གྱི་འབྱུང་གནས་ཡིན། །དངོས་གྲུབ་ཀུན་གྱི་རྩ་བ་ཡིན། །མཐོ་རིས་བགྲོད་པའི་སྐས་ཀ་ཡིན། །ངན་སོང་འགོག་པའི་སྒོ་མོ་ཡིན། །འཁོར་བ་སྒྲོལ་བའི་གྲུ་གཟིངས་ཡིན། །མུན་པ་སེལ་བའི་སྒྲོན་མེ་ཡིན། །དུག་ལྔ་འཇོམས་པའི་དཔའ་བོ་ཡིན། ། སྡིག་སྒྲིབ་བསྲེག་པའི་མེ་དཔུང་ཡིན། །སྡུག་བསྔལ་བརྡུང་བའི་ཐོ་བ་ཡིན། །