R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 152
[A:152] མཐའ་འཁོབ་འདུལ་བའི་གཉེན་པོ་ཡིན། ཁ་བ་ཅན་པའི་ཆོས་སྐལ་ཡིན། །མདོ་རྒྱུད་བསྟན་བཅོས་དུ་མ་དང༌། །ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀྱི། །སྙིང་པོ་གཅིག་ཏུ་བསྡུས་པའི་བཅུད། །གཅིག་ཆོག་རྒྱལ་པོ་རིན་པོ་ཆེ། །ཡི་གེ་དྲུག་པ་འདི་ཟློས་ཤིག །གཟུངས་སྔགས་འདི་ཡི་བྱིན་རླབས་ཀྱིས། ཁ་བ་ཅན་གྱི་མཐའ་འཁོབ་དེར། །སེམས་ཅན་སྨིན་གྲོལ་ལམ་ལ་འཁོད། །དམ་ཆོས་དར་ཞིང་རྒྱས་པར་འགྱུར། །ཞེས་ལུང་བསྟན་ཏོ། །འཕགས་པ་པདྨ་ལ་འཁྲུངས་པ་ལས། ཡི་གེ་དྲུག་པའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །། ལྔ་པ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཁ་བ་ཅན་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་པའི་སྐོར། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས། ཁ་བ་ཅན་པའི་སེམས་ཅན་རྣམས་ཀྱི་དོན་ལ་དགོངས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དྲུང་དུ། བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་སྟེ་ཐལ་མོ་སྦྱར་ནས། སྨོན་ལམ་བཏབ་སྟེ། བདག་གིས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་གྱུར་ཅིག ཁྱད་པར་དུ་བོད་ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་བདེ་བའི་ལམ་ལ་འགོད་པར་གྱུར་ཅིག བདག་གིས་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་མ་འཁོད་ཀྱི་བར་དུ། རང་ངལ་ཞིང་དུབ་ནས་ཞི་བདེའི་བསམ་པ་སྐད་ཅིག་ཀྱང་མི་སྐྱེ་བར་གྱུར་ཅིག གལ་ཏེ་སྐྱེས་པ་ན་ངའི་མགོ་འདི་ཨརྫ་ཀའི་དོག་པ་ལྟར་ཚལ་པ་བཅུར་འགས་ཤིང༌། ལུས་པོ་ཡང་པདྨའི་འདབ་མ་བཞིན་དུ་དུམ་བུ་སྟོང་དུ་བྱེ་བར་གྱུར་ཅིག་ཅེས་བརྗོད་ནས། དམྱལ་བའི་གནས་སུ་བྱོན། ཡི་གེ་དྲུག་པའི་ཆོས་བཤད་ཕན་པ་དང་བདེ་བ་ལ་བཀོད། དམྱལ་བ་ཚ་