R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 153
[A:153]གྲང་གི་སྡུག་བསྔལ་ཞི་བར་བྱས། དེ་ནས་ཡི་དྭགས་ཀྱི་ཡུལ་དུ་བྱོན། ཡི་གེ་དྲུག་པའི་ཆོས་བཤད། ཕན་པ་དང་བདེ་བ་ལ་བཀོད། བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱས། དེ་ནས་དུད་འགྲོའི་གནས་སུ་བྱོན་ཡི་གེ་དྲུག་པའི་ཆོས་བཤད། ཕན་པ་དང་བདེ་བ་ལ་བཀོད། བཀོལ་སྤྱོད་ཀྱི་སྡུག་བསྔལ་ཞི་བར་བྱས། དེ་ནས་མིའི་གནས་སུ་བྱོན་ཡི་གེ་དྲུག་པའི་ཆོས་བཤད། ཕན་པ་དང་བདེ་བ་ལ་བཀོད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི་བར་བྱས། དེ་ནས་ལྷ་མ་ཡིན་གྱི་གནས་སུ་བྱོན་ཡི་གེ་དྲུག་པའི་ཆོས་བཤད། ཕན་པ་དང་བདེ་བ་ལ་བཀོད། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་བྱས། དེ་ནས་ལྷའི་གནས་སུ་བྱོན་ཡི་གེ་དྲུག་པའི་ཆོས་བཤད། ཕན་པ་དང་བདེ་བ་ལ་བཀོད། ལྷ་འཆི་ལྟུང་གི་སྡུག་བསྔལ་ཞི་བར་བྱས་སོ། །དེ་ནས་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་སུ་བྱོན་ཏེ་གཟིགས་པས། སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ་སྟེ། རི་དྭགས་ཀྱི་གླིང་དུ་འདུག དེ་རྣམས་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས། ཕན་པ་དང་བདེ་བ་ལ་བཀོད་པར་མཛད། སྨད་མདོ་ཁམས་སྒང་གསུམ་ཞིང་དང་འདྲ་སྟེ། བྱའི་གླིང་དུ་འདུག དེ་རྣམས་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས། ཕན་པ་དང་བདེ་བ་ལ་འཁོད་པར་མཛད། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་སྟེ། གཅན་གཟན་གྱི་གླིང་དུ་འདུག དེ་རྣམས་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས། ཕན་པ་དང་བདེ་བ་ལ་བཀོད་པར་མཛད་དོ། །དེ་ནས་ལྷ་ས་དམར་པོ་རིའི་རྩེ་ལ་བྱོན་ཏེ། ཡར་ལ་གཟིགས་པས། འོ་ཐང་གི་མཚོ་འདི་དམྱལ་བ་མནར་མེད་ཀྱི་གནས་སུ་འདུག་ཅིང༌། སེམས་ཅན་ཁྲི་ཕྲག་དུ་མ་བཙོ་སྲེག་དང༌། བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་བརླག་མེད་པ། ཉམ་ཐག་པའི་སྐད་ངན་སྣ་ཚོགས་འདོན་ཅིང་འདུག་པ་རྣམས་གཟིགས་པས།