R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 154
[A:154] སྤྱན་ཆབ་ཤོར་རོ། །དེ་ཡང་སྤྱན་གཡས་པ་ནས་མཆི་མ་ཞིག་ཐང་ལ་ལྷུང་བས་ཇོ་མོ་ཁྲོ་གཉེར་ཅན་དུ་གྱུར་ཏེ། རིགས་ཀྱི་བུ་ཁྱོད་ཁ་བ་ཅན་པའི་སེམས་ཅན་གྱི་དོན་བྱེད་པ་ལ་སྡུག་བསྔལ་བར་མ་བྱེད་ཅིག ཁོ་མོས་ཀྱང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད་གསུངས་ཏེ། སྤྱན་གཡས་པ་ལ་ཐིམ་པར་གྱུར་པ་དེ་ནི་ཕྱི་མའི་དུས་ཀྱི་བལ་མོ་བཟའ་ཁྲི་བཙུན་ཡིན་ནོ། །ཡང་སྤྱན་གཡོན་པ་ནས་མཆི་མ་ཞིག་ཐང་ལ་ལྷུང་བས་ཇོ་མོ་སྒྲོལ་མར་གྱུར། རིགས་ཀྱི་བུ་ཁྱོད་ཁ་བ་ཅན་པའི་སེམས་ཅན་གྱི་དོན་བྱེད་པ་ལ་སྡུག་བསྔལ་བར་མ་བྱེད་ཅིག ཁོ་མོས་ཀྱང་ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བགྱིའོ་གསུངས་ཏེ། སྤྱན་གཡོན་པ་ལ་ཐིམ་པར་གྱུར་ཏོ། །དེ་ནི་ཕྱི་མའི་དུས་ཀྱི་རྒྱ་མོ་ཀོང་ཇོ་འདི་ཡིན་ནོ། །དེ་ནས་འཕགས་པས་མཚོ་འགྲམ་དུ་བྱོན་ཏེ། ཡི་གེ་དྲུག་པའི་ཆོས་བཤད་ནས། སྙིང་རྗེ་ཚད་མེད་པས་བདེན་པའི་ཚིག་དོན་བརྗོད་པ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏིང་མཐའ་མེད་པའི་དམྱལ་བ་ཆེན་པོ་འདིར། །བཟོད་དཀའི་སྡུག་བསྔལ་དུ་མས་གཙེས་པ་རྣམས། །རྣམ་གྲོལ་ཐར་པའི་གླིང་ལ་འཁོད་པར་ཤོག ། དུག་མཚོ་ཁོལ་མའི་ནང་དུ་འཚོད་བྱེད་ཅིང༌། །དམྱལ་བའི་མེ་ཡིས་རྟག་ཏུ་བསྲེག་བྱེད་པ། །སྐྱབས་མེད་ཉམ་ཐག་སྨྲེ་སྔགས་འདོན་པ་རྣམས། །ཕན་བདེའི་ཆར་གྱིས་རྟག་ཏུ་བསིལ་བར་ཤོག །ཚ་གྲང་བཀྲེས་སྐོམ་དུ་མས་གཟིར་བ་ཡི། ཁྲི་ཕྲག་དུ་མ་མཚོ་འདིར་གནས་པ་རྣམས། །ལུས་འདི་བོར་ནས་བདག་གི་ཞིང་ཁམས་སུ།། རིགས་བཟང་ཆོས་ལྡན་རྣམས་སུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་པས། སེམས་ཅན་དམྱལ་བ་པོ་དེ་རྣམས་ཚ་གྲང་གི་སྡུག་བསྔལ་ཞི་ནས། ལུས་བདེ་བ་དང་ལྡན། སེམས་སྡུག་བསྔལ་དང་བྲལ་ནས། ཐར་པ་བྱང་ཆུབ་ཀྱི་ལམ་