R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 155
[A:155]ལ་འཁོད་པར་མཛད་དོ། །དེ་ལྟར་ཁམས་གསུམ་རིགས་དྲུག་དང༌། ཁ་བ་ཅན་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐབས་དུ་མའི་སྒཽ་ནས་བདེ་བ་ལ་བཀོད་པས། ཐུགས་ཤིན་ཏུ་ངལ་བར་གྱུར་ནས་སེམས་ཉིད་ངལ་གསོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་སླར་པོ་ཏ་རིའི་རྩེ་མོ་ནས་གཟིགས་པས། ཁ་བ་ཅན་པའི་སེམས་ཅན་རྣམས་བརྒྱའི་ཆ་ཙམ་ཡང་བདེ་བ་ལ་འཁོད་སྙམ་པ་མི་འདུག་ནས། ཐུགས་ཤིན་ཏུ་མུག་པར་གྱུར་ནས། རང་ཞི་བདེའི་བསམ་པ་ཅིག་སྐྱེས་པའི་སྐད་ཅིག་ཉིད་ལ་སྔོན་གྱི་སྨོན་ལམ་གྱི་མཐུས། རང་གི་མགོ་ཚལ་པ་བཅུར་གས་ཤིང༌། སྐུ་ལུས་དུམ་བུ་སྟོང་དུ་ཞིག་པར་གྱུར་ཏེ། དེར་སངས་རྒྱས་སྣང་བ་མཐའ་ཡས་ལ་གསོལ་བ་བཏབ་པས། སངས་རྒྱས་སྣང་བ་མཐའ་ཡས་སྐད་ཅིག་ལ་བྱོན་ཏེ། འཕགས་པའི་དབུ་དང་སྐུ་ལུས་ཚལ་པར་ཞིག་པ་རྣམས་ཆུན་པོར་ཕྱག་གིས་བཅིང་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་ལྟ་ཉིད་དུ་འགྱུར། །གང་གི་སྨོན་ལམ་མཐུ་བཙན་པས། ། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །བདེན་པ་དེ་ཡིས་སྐད་ཅིག་ལ། །ངེས་པ་ཉིད་དུ་འབྱུང་བར་འགྱུར། །ཞེས་གསུངས་ཏེ། རིགས་ཀྱི་བུ་ཁྱོད་སྡུག་བསྔལ་བར་མ་བྱེད་ཅིག ཁྱོད་ཀྱི་དབུ་ཚལ་པ་བཅུར་གས་པ་འདི་ཞལ་བཅུར་བྱིན་གྱིས་བརླབས་སོ། །ཞལ་རས་བཅུ་པོ་ཕ་རོལ་ཕྱིན་པ་བཅུ། དེའི་སྟེང་དུ་ཨ་མི་དྷེ་བ་དང་བཅས་པས་ཞལ་བཅུ་གཅིག་པར་བྱིན་གྱིས་བརླབས་སོ། །བཅུ་གཅིག་དབུ་ལ་འོད་དཔག་མེད་པ་བཞུགས། །ཞི་རྒྱས་དབང་དྲག་ལས་རྣམས་རྒྱས་མཛད་པའི། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་ལུས་པདྨའི་འདབ་མ་