[A:162] ཀྱེ་མ་ཀྱེ་ཧུད་སེམས་ཅན་སྙིང་རེ་རྗེ། །རྡོ་རྗེ་སློབ་དཔོན་བསད་པའི་སློབ་མ་དེ། ། མནར་མེད་དམྱལ་བའི་གནས་སུ་ཆུད་པ་ན། །བླ་མ་ཐུགས་རྗེ་ཆེ་ཡང་ཅི་ཞིག་བྱ། ། བུ་ཚར་ལྟ་བ་ཕྱིན་ཅི་ལོག་གྱུར་ནས། །མི་འདོད་ལོག་པའི་རླུང་གིས་ཁྱེར་བ་ན། ། ཕ་མ་བརྩེ་དུང་ཆེ་ཡང་ཅི་ཞིག་བྱ། །བསླབ་བྱ་ཕན་པའི་ཚིག་ལ་མི་ཉན་པར། ། ཚོང་ཕྲུག་ཕྱི་མིག་བལྟས་པས་ལྷུང་བ་ལ། །རྟ་མཆོག་འཕུར་རྩལ་ཆེ་ཡང་ཅི་ཞིག་བྱ༑ ༑ཚོང་དཔོན་མ་ངུ་ད་དུང་ང་ལ་ཉོན། །ཚེ་འདིའི་བདེ་སྡུག་རྨི་ལམ་སྒྱུ་མ་བཞིན།། རི་གཟར་ཆུ་དང་ནམ་མཁའི་གློག་སྤྲིན་འདྲ། །དེ་ལྟར་འཁོར་བའི་བདེ་ལ་མ་ཆགས་ཤིག །ཅེས་རྟ་མཆོག་དེས་བདེན་པ་བཞིའི་ཆོས་བཤད། ཚོང་དཔོན་གྱིས་མཆི་མ་ཕྱིས་ནས། ཚོང་དཔོན་རང་གི་ཁྱིམ་མཐོང་བའི་སར་བསྐྱལ་ལོ། །རྟ་མཆོག་དེའང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བཞུད་དོ། །དེ་ནས་ཚོང་དཔོན་གྱིས་རང་གི་ཁྱིམ་དུ་ཕྱིན་པ་དང༌། ཕ་མ་ཉེ་དུ་ཐམས་ཅད་དེར་འདུས་ཏེ། ཚོང་དཔོན་ལ་འཇུས་ནས་ངུས་སོ། །དེ་ནས་དགའ་བའི་གཏམ་བྱས་སོ། །དེ་ནས་ཡང་ཚོང་ཕྲུག་རྣམས་ཀྱི་ཕ་མ་ཉེ་འབྲེལ་རྣམས་བྱུང་ནས། ངའི་ཕ་ག་རེ། ངའི་ཁུ་བོ་ག་རེ། ངའི་ཚ་བོ་ག་རེ། མི་རེ་རེའི་མིང་ནས་འབོད་ཅིང་ངུས་སོ། །དེ་ནས་ཚོང་དཔོན་གྱིས་ཚོང་ཕྲུག་རྣམས་ཀྱི་ཕ་མ་ཉེ་དུ་རྣམས་བསགས་ཏེ། དང་པོ་རྒྱ་མཚོར་ཞུགས་པ། འཇིག་པའི་རླུང་དམར་གྱིས་གྲུ་ཞིག་པ། མི་འདོད་པའི་རླུང་གིས་དེད་ནས་སྲིན་མོའི་གླིང་དུ་བསྐྱལ་བ། སྲིན་མོ་ཡིན་པར་ངོ་མ་ཤེས་ནས་བཟའ་མི་བྱས། བུ་ཚས་འབྲེལ་བའི་སྟེང་དུ་སྲིན་མོ་ཡིན་པར་ངོ་ཤེས་ནས། འབྲོས་པའི་ཐབས་བཙལ་བས། ལྕགས་ཀྱི་ཁང་པའི་མིས་འབྲོས་པའི་ཐབས་བསྟན་པ། རྟའི་རྒྱལ་པོས་བསླབ་བྱ་མཛད་པ་ལ་མ་ཉན་པར་ཚོང་ཕྲུག་རྣམས་ཀྱིས་ཕྱི་མིག་བལྟས་པས་