R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 163
[A:163]ལྷུང་བ་ལ་སོགས་པ་རྒྱས་པར་བཤད་པས། ཐམས་ཅད་འཁོར་བ་ལ་སྐྱོ་བ་སྐྱེས་ནས། ལས་རྒྱུ་འབྲས་ལ་ཡིད་ཆེས། དམ་པའི་ཆོས་ལ་འཁོད་པར་གྱུར་ཏོ། །དཔེ་དེ་བཞིན་དུ། ཚེ་འདི་ལ་ཆགས་ནས་སྡིག་པ་བྱས་པ་རྣམས། ཚོང་ཕྲུག་ཕྱི་མིག་བལྟས་པས་ལྷུང་བ་དང་འདྲ་སྟེ། འཁོར་བར་འཁྱམས་ནས་ངན་སོང་ནས་ཐར་བའི་དུས་མེད་དོ། །ཚེ་འདི་ལ་མི་ཆགས་པར་དམ་ཆོས་ཉམས་སུ་བླང་བ་རྣམས་དེད་དཔོན་དང་འདྲ་སྟེ། མཐོ་རིས་ཐར་པའི་བདེ་བ་ཐོབ་ནས་སངས་རྒྱས་པར་བྱེད་དོ། །རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་ལེའུ་སྟེ་དྲུག་པའོ།། །། བདུན་པ། བོད་ཀྱི་མི་བརྒྱུད་སྤྲེའུ་དང་བྲག་སྲིན་མོ་ནས་ཆད་པའི་སྐོར། དེ་ནས་འཕགས་པ་སྤྱན་རས་གཟིགས་དེས། རྫུ་འཕྲུལ་སྟོན་པའི་སྤྲེའུ་ཞིག་ལ། དགེ་བསྙེན་གྱི་སྡོམ་པ་བྱིན་ནས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་བསྒོམ་དུ་བཏང་ངོ༌། །དེར་སྤྲེའུ་དེས། བྲག་རོག་པོ་གཅིག་ལ་བསྒོམ་སྟེ། དེའང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཆོས་ཟབ་མོ་སྟོང་པ་ཉིད་ལ་མོས་པ་བྱེད་ཅིང་ཡོད་དུས། ལས་ཀྱིས་མནར་བའི་བྲག་སྲིན་མོ་ཞིག་དེར་འོང་ནས། ཆགས་པ་འདོད་པའི་བརྡ་མང་དུ་བསྟན་ནས་སོང་ངོ༌། །རྟིང་ལ་བྲག་སྲིན་མོ་དེ་བུད་མེད་ཀྱི་ཆས་སུ་བྱས་ཏེ། སྤྲེའུ་ལ་ཁྱོད་དང་ང་གཉིས་བཟའ་མི་བྱའོ་ཟེར་བས། སྤྲེའུ་ན་རེ། ང་འཕགས་པ་སྤྱན་རས་གཟིགས་ཀྱི་དགེ་བསྙེན་ཡིན་པས། ཁྱོད་ཀྱི་ཁྱོ་བྱས་ན་ངའི་སྡོམ་པ་འཆོར་བྱས་པས། བྲག་སྲིན་མོ་ན་རེ། ཁྱོད་ངའི་ཁྱོ་མི་བྱེད་ན་ང་ཚེའི་དུས་བྱེད་དོ་ཟེར་ནས། སྤྲེའུའི་རྩར་ཉལ་ལོ། །དེ་ནས་བྲག་སྲིན་མོ་ལངས་ཏེ། སྤྲེའུ་ལ་འདི་སྐད་ཅེས་ཟེར་རོ། །ཀྱེ་མ་སྤྲེའུའི་རྒྱལ་པོ་ཆེན་པོ་ཁྱེད། །ཅུང་ཟད་