[A:167]རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་ལ་བརྩོན་འགྲུས་ཆེ་བ། དགེ་བ་ལ་དགའ་བ། ཚིག་འཇམ་པ། སྨྲ་མཁས་པ་དེ་ནི་ཕའི་རིགས་སོ། །མ་བྲག་སྲིན་མོའི་རིགས་སུ་གྱུར་པ་ནི། འདོད་ཆགས་དང་ཞེ་སྡང་ཆེ་བ། ཚོང་དང་ཁེ་སྤོག་ལ་སེམས་པ། བློ་འདོད་དང་འགྲན་སེམས་ཆེ་བ། གད་མོ་ཆེར་དགོད་པ། ལུས་སྟོབས་དང་སྙིང་སྟོབས་ཆེ་བ། སྤྱོད་པས་སྐད་ཅིག་ཀྱང་མི་ཚུགས་པ། བློ་སྣ་མང་བ། བྱེད་སྐྱེན་པ། དུག་ལྔ་རྒྱས་པ། གཞན་གྱི་སྐྱོན་ཐོས་ན་དགའ། ཁྲོ་གཏུམ་པ་དེ་ནི་མའི་རིགས་སོ།། དེའི་དུས་དེར་རི་རྣམས་ནི་ཤིང་ནགས་སུ་སོང༌། ཀླུང་ཐམས་ཅད་ནི་ཆུས་ཁེངས་ཡོད་པ། ཀོང་ཆུ་ལག་ཁ་ཕྱེ་ནས། ཆུ་ཐམས་ཅད་དེར་སོང་སྟེ། ཀོང་ཆུ་ལག་ཏུ་ཐིམ་མོ། །དེ་ནས་ཐང་ཐམས་ཅད་ལ་ཞིང་བྱས། གྲོང་ཁྱེར་མང་པོ་བརྩིགས། དེ་ནས་རིང་པོར་མ་ལོན་པར། རྗེ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ལ་བྱོན་ནས། རྗེ་དང་འབངས་སུ་བཅོས་སྐད་དོ། །བོད་ཀྱི་མི་བརྒྱུད་སྤྲེའུ་དང་བྲག་སྲིན་མོ་ནས་ཆད་པའི་ལེའུ་སྟེ་བདུན་པའོ།། །།
བརྒྱད་པ། བོད་རྒྱལ་པོའི་གདུང་རབས་དང་པོ་ཇི་ལྟར་བྱོན་པ་བསྟན་པའི་སྐོར། དེ་ནས་བོད་རྒྱལ་པོའི་གདུང་རབས་རིམ་པར་བྱོན་པ་རྣམས་བཤད་པར་བྱ་སྟེ༑ དེའང༌། གནམ་ལ་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་དུ་ལེགས་དྲུག་ས་ལ་སྡེ་བརྒྱད། འོག་གི་བཙན་གསུམ་ཞེས་པ་ལྟར། རྗེ་གཉའ་ཁྲི་བཙན་པོ་ནས། རེ་རེ་ནས་བགྲང་བའི་གདུང་རབས་ཉི་ཤུ་རྩ་བདུན་ན། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་ཤལ་བྱོན་ཏེ། སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་ཡིན་ནོ། །དེའང༌། བཀའ་ཆེམས་ཀ་ཁོལ་མ་ལས། རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་རི་བྲག་པའི་གདུང་བརྒྱུད་ཆོས་རྒྱལ་མྱ་ངན་མེད་ནས་རིམ་པར་བྱོན་པ། རྒྱལ་པོ་