[A:168]སྐྱབས་སིང་དང༌། དམག་བརྒྱ་པ་གཉིས་ལྷན་དུ་སྐྱེས་སོ། །རྒྱལ་སྲིད་ལ་མ་འཆམ་པའི་དུས་སུ། དམག་བརྒྱ་པ་ལ་བུ་གསུམ་བྱུང་བའི་ཆུང་ཤོས། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག རྒྱལ་སྲིད་ལ་དབང་མ་ཐོབ་པར། ལྷས་ལུང་བསྟན་པ་བཞིན། བུ་མོའི་ཆས་སུ་བྱས་ཏེ་བོད་ཀྱི་ཡུལ་དུ་སྤྱུགས་པ་ཡིན་ཀྱང་ཟེར་ལ། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བརྒྱུད་ལྔ་ཚིགས་སམ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བརྒྱུད་ལྔ་ཚིགས་སམ། ཡང་ན་བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་ཡིན་པར་གསུངས་ལ། གང་ལྟར་ན་ཡང༌། རྗེ་གཉའ་ཁྲི་བཙན་པོ་ཡིན་པར་དོན་མཐུན་ནོ། །དེའང་བོད་ཀྱི་ཡིག་ཚང་ལས། དང་པོ་ལྷ་རི་རོལ་པོའི་རྩེ་ལ་བབས་ཏེ་གཟིགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང༌། ཡུལ་ཡར་ལུང་བཟང་བར་མཁྱེན་ནས། བཙན་ཐང་གོང་མའི་རི་ལ་བབས་པས། ཕྱུགས་སྐྱོང་བའི་རྫིའུ་རྣམས་ཀྱིས་མཐོང་སྟེ། རྩར་བྱུང་ནས་གང་ནས་འོང་དྲིས་པས། གནམ་ལ་མཛུབ་མོ་ཀེར་བ་དང༌། འདི་ནི་ནམ་མཁའ་ནས་འོང་བའི་ལྷ་སྲས་ཡིན་པར་འདུག་པས། འོ་ཅག་རྣམས་ཀྱི་རྗེ་བཅོལ་ལོ་ཟེར་ཏེ། གཉའ་བར་ཁྲི་བྱས་བཏེགས་ནས་འོང་པ་ན༑ རྗེ་གཉའ་ཁྲི་བཙན་པོ་ཟེར་ཏེ།
སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སོང་བ་ན།
བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ། །དེས་ཕོ་བྲང་འུམ་བུ་བླ་མཁར་བརྩིགས། དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་མེ་ཁྲི་བཙན་པོ། དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་སྲིབ་ཁྲི་བཙན་པོ། འདི་ཡན་ནི་གནམ་གྱི་ཁྲི་བདུན་ཟེར་ཏེ། སྲས་རྣམས་ཀྱིས་རིམ་པ་བཞིན་ཆིབ་ཁ་ཐུབ་ཙ་ན། ཡབ་རྣམས་རིམ་པ་བཞིན་དུ་རྨུ་ཐག་ལ་བྱས་ནས།