[A:174]སོ༑ ༑མཆིམས་བཟའ་ཀླུ་རྒྱལ་དེ་དང་པོ་ཤིན་ཏུ་མཚར་བ་ཞིག་ཡོད་པ་ལ། རྟིང་དུ་སྔོ་ལ་རིད་པར་བྱུང་བས། རྒྱལ་པོའི་ཞལ་ནས། ཁྱོད་དང་པོ་ཤིན་ཏུ་མཚར་བ་ཞིག་ཡོད་པ་ལ། ན་བ་ནི་མིན་ནམ། འདི་འདྲ་ཡོད་པ་ཅི་ཡིན་གསུངས་པས། ང་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ། འདི་རུ་མེད་པས་ལན་པ་འདྲ་ཟེར་བས། རྒྱལ་པོའི་ཞལ་ནས། འོ་ན་ཟས་དེ་ཅིས་ཀྱང་ལོང་ལ་ཟོ་གསུངས་པས། དེར་གཡོག་མོ་དམ་པ་ཞིག་ཟས་དེ་ལེན་བཏང་བས། དེར་མོས་སྦལ་པའི་རོ་མང་པོ་མར་གྱིས་བཙོས་ཏེ། ཁལ་མང་པོ་བླངས་བྱུང་བས། དེ་རྣམས་མཛོད་དུ་སྦས། མིས་མ་མཐོང་བར་བྱས་ཤིང་ལྐོག་ཏུ་ཟོས་པས། ཤ་བཀྲག་སྔར་བཞིན་རྒྱས་ཤིང་འོད་དང་ལྡན་པ་བྱུང་བ་དང༌། རྒྱལ་པོའི་ཐུགས་ལ་ཟས་དེ་ཡོན་ཏན་ཅན་ཞིག་འདུག་པ་ལ། ངས་ཀྱང་ཟ་དགོས་བསམས་ཏེ། བཙུན་མོ་མེད་པའི་ཤུལ་དུ། ལྡེ་ཆབ་ཀྱི་སྒོ་ཕྱེས་ནས་ནང་དུ་བྱོན་པ་དང༌། མཛོད་ནང་ན་སྦལ་བའི་རོ་མང་པོ་མར་གྱིས་བཙོས་པའི་རྐྱལ་པ་མང་པོ་འདུག་ནས་རྣམ་རྟོག་སྐྱེས་ཏེ། རྒྱལ་པོ་ལ་བསྙུང་དུ་མཛེ་བྱུང་ངོ༌།།དེ་ནས་རྒྱལ་པོ་ཡབ་ཡུམ་གཉིས་ཀ་གསོན་པོར་བང་སོར་བཞུགས་ནས། སྲས་ལ་ཞལ་ཆེམས་བཞག་པ་ནི། ཡབ་མེས་ཀྱི་ཐུགས་དམ་གཉེན་པོ་གསང་བ་ལ་མཆོད་པ་གྱིས། འ་ཅིའི་ཡུལ་ནས་སྨན་པ་བོས་ལ། མིག་ཕྱེ་ནས་རྒྱལ་སྲིད་ཟུངས་ཤིག་གསུང་ངོ༌། །འབྲོང་སྙན་ལྡེ་རུའི་བང་སོ་ཞང་མདར་བརྩིགས་བང་སོའི་མིང་ཀྱང་གསོན་ཆས་ཟླུམ་པོར་གྲགས། །ཞེས་སོ། །དེ་ནས་དམུལ་ལོང་དཀོན་པ་བཀྲས། གཉེན་པོ་གསང་བ་ལ་མཆོད་པ་ཕུལ་ཞིང་མོས་གུས་བྱས་པས། སྨན་པ་བོས་ནས་མིག་ཕྱེ་བས། སྐྱི་ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་ན། མཚན་ཡང་སྟག་རི་གཉན་གཟིགས་ཞེས་གྲགས་སོ། ། སྟག་རི་གཉན་