R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 123
[A:123]ཏེ༑ ཕུ་བོ་གཽ་ཏ་མ་གསལ་ཤིང་གི་རྩེ་ལ་བསྐྱོན་ཏེ་བཀྲོངས་པ་ལས། འབངས་རྣམས་ཀྱིས་གསོལ་བ་བཏབ་པས། གཽ་ཏ་མས་
སྔོན་གྱི་ལས་དབང་གིས་མ་ཉེས་པའི་སྐྱོན་ཕོག སློབ་དཔོན་བྲམ་ཟེ་མདོག་ནག་གི་བདེན་ཚིག་གིས་གཽ་ཏ་མའི་ས་བོན་ཟག་པས་སྒོ་ང་གཉིས་སུ་གྱུར། གཽ་ཏ་མའི་བདེན་ཚིག་གིས་སློབ་དཔོན་གསེར་མདོག་ཏུ་གྱུར།
གདན་ཁར་ས་བོན་ཟག་པ་ལ་སྒོ་ང་གཉིས་སུ་གྱུར་ཏེ། སྒོ་ང་གཉིས་པོ་བུ་རམ་ཤིང་ལོའི་གསེབ་ཏུ་བཞག་པས། རིང་ཞིག་ན་ཁྱེའུ་གཉིས་སུ་གྱུར་ནས། གཅིག་གི་མིང་ཉི་མའི་གཉེན། གཅིག་གི་མིང་བུ་རམ་ཤིང་པར་བཏགས་སོ། །ཉི་མའི་གཉེན་ལའང་སྲས་མེད། བུ་རམ་ཤིང་པས་རྒྱལ་པོ་བྱས་པས། སྲས་མང་པོ་བྱུང་སྟེ། བུ་རམ་ཤིང་པའི་བརྒྱུད་ཅེས་ཡོངས་སུ་གྲགས་ཏེ་གང་བར་གྱུར་ཏོ། །དེ་རྣམས་ཀྱི་ཆེ་བརྒྱུད་རིམ་པར་དེད་པའི་རྒྱལ་བརྒྱུད་བརྒྱ་ཐམ་པ་ན་རྒྱལ་པོ་འཕགས་སྐྱེས་པོ་བྱུང་སྟེ། དེ་ལ་བུ་གསུམ། བུ་མོ་གསུམ་བྱུང་བ། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་མིང་སྲིང་ལྷན་དུ་བསྡད། འབྲེལ་བ་ལས་བརྒྱུད་འཕེལ་ཏེ། ཤཱཀྱའི་བརྒྱུད་ཅེས་གྲགས་ནས་གང་བར་འགྱུར་རོ༑ ༑དེ་རྣམས་ཀྱི་ཆེ་བརྒྱུད་རིམ་པ་བཞིན་དེད་པའི་རྒྱལ་རབས་ལྔ་བཅུ་ན། རྒྱལ་པོ་ཤིང་རྟ་བཅུ་པ་བྱ་བ་བྱུང༌། དེ་ལ་བུ་གསུམ་བྱུང་བ། ཤཱཀྱ་ཆེན་པོ། ཤཱཀྱ་ལི་ཙཱ་བྱི༑ ཤཱཀྱ་རི་བྲག་པའོ། །དེའི་ཆེ་བརྒྱུད་ཤཱཀྱ་ཆེན་པོ་ནས་རིམ་པ་བཞིན་དེད་པའི་རྒྱལ་རབས་ཉི་ཤུ་རྩ་ལྔ་ལ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད། དེའི་སྲས་རྒྱལ་པོ་མཐའ་ཡས་སྐྱོངས། དེའི་སྲས་རྒྱལ་པོ་གཞུ་བརྟན། དེའི་སྲས་རྒྱལ་པོ་སེང་གེ་མགྲམ། དེ་ལ་སྲས་བཞི་བྱུང་བ་རྒྱལ་པོ་ཟས་གཙང་མ། ཟས་དཀར། བྲེ་བོ་ཟས། ཚད་མེད་ཟས་དང་བཞིའོ། །བུ་མོ་གཙང་མ་དང༌། དཀར་མོ་དང༌། བྲེ་བོ་མ་དང༌། བདུད་རྩི་མའོ། །གཙང་མའི་བུ་ལེགས་པར་རབ་སད། དཀར་མོའི་བུ་ཕྲེང་བ་ཅན། བྲེ་བོ་