R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 187
[A:187]འཛིན་ཅིང་ཁྲེལ་ཡོད་པར་བྱ་བ། བུ་ལོན་དུས་སུ་འཇལ་ཞིང༌། བྲེ་སྲང་ལ་གཡོ་ཟོལ་མི་བྱ་བ། མ་བསྐོས་ཤིང་མ་བཅོལ་བའི་བྱ་བ་ལ་རྟོག་འཇུག་མི་བྱ་བ་དང༌། གྲོས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་ཅིང་རང་ཚུགས་འཛིན་པ། ཡིན་མིན་གྱིས་མ་ཚང་བ་བྱུང་ན། ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས་མནའ་བྱེད་པ་ལ་སོགས་ཏེ། དགེ་བ་བཅུ་ལ་དཔེ་བྱས་ནས། བོད་ཁྲིམས་ཉི་ཤུ། སྐྱི་ཤོད། ཤོ་མ་ར་རུ་གཏན་ལ་ཕབ་སྟེ། རྗེ་བློན་ཀུན་གྱི་ཕྱག་རྒྱས་བཏབ་སྟེ། ཉི་ཟླའི་འོད་ལྟ་བུར་ཁྱབ་པར་མཛད་དོ། །དེ་ལྟར་མཛད་པས་རྗེ་བཙན་འབངས་རྣམས་སྐྱིད། །བསྟན་པ་རྒྱས་ཤིང་རྒྱལ་སྲིད་ཕྱོགས་བཅུར་འཕེལ། །ཆོས་ཀྱི་བཀའ་ཁྲིམས་མཛད་པས་འབངས་རྣམས་བཀའ་ལ་ཉན། །མི་རྗེ་ལྷ་ཡིས་མཛད་པས་རྒྱལ་ཁམས་ཐམས་ཅད་སྐྱིད། །ཕོ་དཔའ་རྟ་མགྱོགས་ལོངས་སྤྱོད་ལྷ་དང་མཉམ། །བློ་གཏད་ཆོས་ལ་བྱས་པས་འདི་ཕྱི་གཉིས་ཀར་སྐྱིད། །འཐབ་དང་རྩོད་པ་སྤངས་པས་ཐམས་ཅད་ཕ་མར་ཤེས། །ཀུན་ལ་ཡི་གེ་བསླབས་པས་སངས་རྒྱས་བསྟན་པ་དར། །མི་དགེའི་བཤེས་གཉེན་མེད་པས་དགེ་བཅུའི་ནོར་བུ་རྙེད། །ཀུན་གྱི་གཙུག་ཏུ་ཁུར་བས་སྐྱིད་པའི་ཉི་མ་ཤར། །ཐམས་ཅད་སྤྲུལ་པ་ཡིན་པས་ཁྲལ་དང་འུ་ལག་མེད། ། ནམ་མཁའི་མཐོང་ལ་འཁོར་ལོ་རྩིབས་བརྒྱད་ཤར། །དོག་མོའི་ས་ལ་པདྨ་འདབ་བརྒྱད་སྐྱེས། །བར་གྱི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཚང༌། །ལྗོན་ཤིང་ཐམས་ཅད་དགའ་བའི་ཚལ་དུ་འཐིབས། །བྱ་རྣམས་ཀུན་ཀྱང་ཅ་ཅོ་དུ་མ་སྒྲོགས། །ས་རྣམས་ཀུན་ཀྱང་རྣམ་པ་དྲུག་ཏུ་གཡོས། །ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་པ་ཕབ། །བཀྲ་ཤིས་ཉམས་སུ་དགའ་བའི་བྲག་ལྷའི་ཚལ། །ལྗོན་ཤིང་སྟར་ཁ་སྡོང་པོའི་བསིལ་གྲིབ་ལ། །ཆོས་རྒྱལ་ཆེན་པོ་ཁྲི་ཡི་སྟེང་ན་བཞུགས། །དཔའ་མཛངས་འཕྲུལ་ལྡན་