R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 189
[A:189]བཅུ་གཅིག་པ། རྒྱལ་པོའི་ཐུགས་དམ་གྱི་ལྷ་རྒྱ་གར་དང༌། བལ་པོའི་ཡུལ་ནས་སྤྱན་དྲངས་པའི་སྐོར། དེས་ནས་སྤྲུལ་པའི་རྒྱལ་པོ་ཆེན་པོ་དེའི་ཐུགས་ཀྱི་དགོངས་པ་ལ། བདག་གིས་མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་འདིར། སེམས་ཅན་གྱི་དོན་བྱེད་པ་ལ། ཡི་དམ་གྱི་ལྷ་ཞིག་བཞེངས་དགོས་ཏེ། དེའི་རྒྱུ་ནི་རིན་པོ་ཆེ་གསེར་དངུལ་ལས་བྱས་ན་ནི། མ་འོངས་པའི་དུས་སུ་སེམས་ཅན་བསོད་ནམས་དམན་པས་དུས་ཀྱི་ཐ་མ་ལ་བཤིགས་པའི་དཽགས་ཡོད། ས་དང་རྡོ་ལས་བྱས་ན་ནི་རྒྱུ་ངན། ཤིང་གི་རིགས་ལ་བྱས་ན་ནི་འགས། བདག་གི་ཡི་དམ་གྱི་ལྷ་བཞེངས་པའི་རྒྱུ་གང་ལེགས་དགོངས་ཏེ། འཕགས་པ་ལ་གསོལ་བ་བཏབ་པས། ཐོ་རངས་ཀྱི་དུས་སུ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། ལྷའི་བུ་དང་བུ་མོ་ལ་སོགས་པ་ཐམས་ཅད་སྤྲིན་འདུས་པ་ལྟར། མདུན་གྱི་ནམ་མཁའ་ལ་བྱོན་ནས། འཕགས་པ་འཇམ་དཔལ་དང༌། འཕགས་པ་ཀུན་ཏུ་བཟང་པོ་གཉིས་ཀྱིས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བ་ཕྱག་ཏུ་བཟུང་ནས། རྒྱལ་པོ་ལ་དབང་བསྐུར། སྐུ་ཁྲུས་གསོལ་ལོ། །སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་མཛད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀྲ་ཤིས་བརྗོད། ལྷའི་བུ་དང་བུ་མོ་རྣམས་ཀྱིས་སྤྲིན་གྱི་གསེབ་ནས་ལུས་ཕྱེད་ཐོན་ཙམ་བྱས་ནས། ལྷའི་རོལ་མོ་སྣ་ཚོགས་ཀྱིས་མཆོད་པ་བྱེད་ཅིང་མེ་ཏོག་གི་ཆར་ཕབ་བོ། །དེ་མ་ཐག་ཏུ་རྒྱལ་པོའི་སྐུ་ལ་འོད་ཟེར་སྣ་ཚོགས་པ་ཞིག་འཕྲོས་ནས། མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་བྱས་ནས་གང་ལ་གང་འདུལ་གྱི་སྤྲུལ་པ་རེ་རེས་སེམས་ཅན་གྱི་དོན་བྱས་ནས། མཐའ་འཁོབ་དེ་ཡང་རིན་པོ་ཆེའི་གླིང་ལྟ་བུར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱིས་མགྲིན་