[A:190]གཅིག་ཏུ་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས།། མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱིས། །མོས་གུས་བསོད་ནམས་བསགས་པའི་རྟེན། ། ཡི་དམ་ལྷ་གཅིག་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །སིངྒ་ལ་ཡི་རྒྱ་མཚོའི་འགྲམ། །རང་བྱོན་ཁརྶ་པ་ཎིའི་རྒྱབ། །གླང་ཆེན་ཉལ་བའི་བྱེ་མའི་འོག ། ཙནྡན་སྦྲུལ་གྱི་སྙིང་པོ་ལས། །གྲུབ་པའི་རང་བྱོན་སྤྱན་རས་གཟིགས། །ངོ་མཚར་ཅན་ཞིག་དེ་ན་བཞུགས། །དེ་ནི་རྒྱལ་པོའི་ཡི་དམ་ཡིན། །ཞེས་ཟེར་ཏེ། མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་ཐུགས་ཀྱི་དགོངས་པ་ལ། ཡི་དམ་གྱི་ལྷ་དེ་སྤྱན་འདྲེན་པ་ལ། མིས་མི་རྙེད་པས། སྤྲུལ་པ་ཞིག་བཏང་དགོས་དགོངས་པ་དང༌། དེ་མ་ཐག་ཏུ་རྒྱལ་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ནས། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་པ། དབུ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ་ཞིག་སྤྲུལ་ནས། ཡི་དམ་དེ་སྤྱན་འདྲེན་པ་ལ་བཏང་ངོ༌། །དེ་ནས་སྤྲུལ་པའི་དགེ་སློང་དེས། རྫུ་འཕྲུལ་གྱིས་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པ་དང༌། གྲོང་ཁྱེར་དབུས་འགྱུར་བྱ་བར་སླེབས་ཏེ། དེ་ན་རྒྱལ་པོ་ཨུཏྤལ་གེ་སར་ཞེས་པ། རྒྱལ་པོ་དེ་གདུང་བརྒྱུད་ནང་པ་སངས་རྒྱས་པ་ཡིན་པ་ལ། ཕྱིས་ཕྱི་པ་མུ་སྟེགས་པའི་ཆོས་ལུགས་བཟུང་ནས། ཉིན་རེ་ལ་ར་ལྔ་ལྔ་བསད་ནས། དབང་ཕྱུག་ཆེན་པོའི་རྟེན་ལ་མཆོད་དོ། །རྒྱལ་པོའི་ཕོ་བྲང་དེའི་གཡོན་ན། སྔོན་སངས་རྒྱས་འཁོར་བ་འཇིག་གིས་རབ་གནས་མཛད་པའི་མཆོད་རྟེན་པདྨའི་འཁོར་ལོ་ཅན་བྱ་བ་བཞུགས་སོ། །དེར་སྤྲུལ་པའི་དགེ་སློང་དེས། མཆོད་རྟེན་དེའི་བུམ་པའི་ཐད་ཀྱི་ནམ་མཁའ་ལ་སྐྱིལ་ཀྲུང་མཛད་ཅིང་བསྐོར་བ་མཛད་པས། རྒྱལ་པོའི་ཕོ་བྲང་གི་ཡང་ཐོག་ནས་གཟིགས་པས་ངོ་མཚར་དུ་གྱུར་ནས། རྒྱལ་པོས་སྤྲུལ་པའི་དགེ་སློང་དེ་ཕོ་བྲང་དུ་གདན་དྲངས་པ་