[A:197]བོད་དུ་སྤྱན་འདྲོང་བར་གཟིགས་སོ། །དེ་ནས་རྒྱལ་པོ་དེ་འཇིག་རྟེན་ལས་ཁྱད་དུ་འཕགས་ཤིང༌། ཐུགས་བསྒོམས་པས་རྨི་ལམ་དུ་བྱུང་བ་ལྟར་མཛད་དེ། ནངས་པར་བློན་པོ་ཐམས་ཅད་རྒྱལ་པོའི་དྲུང་དུ་ཕྱག་བྱེད་དུ་བྱུང་སྟེ། བཙན་པོའི་སྐུ་ལ་བསྙུང་མི་མངའ་ལགས་སམ། སྐུ་ཟོ་མདོག་ལེགས་སམ། ཐུགས་བདེ་བ་དང་ལྡན་པ་ལགས་སམ་ཞེས་མགྲིན་གཅིག་ཏུ་ཞུས་པས། ཤིན་ཏུའང་བདེ་བ་དང་ལྡན་ཏེ། མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་ནས་བལ་རྗེའི་སྲས་མོ་བུ་མོ་མཛེས་མ་ཞིག་དང༌། ཤར་ཕྱོགས་ནས་རྒྱ་རྗེའི་སྲས་མོ་བུ་མོ་མཛེས་མ་ཞྀག་དང༌། འདི་གཉིས་ངའི་ཁབ་ཏུ་བྱུང་བ་རྨིས་སོ་གསུངས་པས། བློན་པོ་མགར་ན་རེ། རྒྱལ་པོའི་མནལ་ལམ་དུ་བྱུང་བའི་ལྷ་གཅིག་དེ་གཉིས་ངེད་བློན་པོ་རྣམས་ཀྱིས་སྤྱན་ཅི་འདྲོང་བྱེད་པས། མནལ་ལམ་དེ་གཞན་ལ་མི་གསུང་བར་ཞུ་ཞུས་སོ། །དེ་ནས་བློན་པོ་མགར་ན་རེ། ངེད་རང་ཕྱི་ནང་བར་གསུམ་གྱི་བློན་པོ། གཙོ་བོ་མི་དྲུག་གི་འཚོགས་རྟེན་གྱི་ཟས་ཆང༌། ཤ་གཟུགས་རེ་དང་བཅས་པ་ཁྱེར་ལ། སང་སྔ་བར་བྲག་ལྷའི་ནེའུ་ཐང་ལ། ལྗོན་ཤིང་སྟར་ག་སྡོང་པོའི་རྩ་རྒྱལ་པོའི་ཁྲིའི་དྲུང་དུ་འཚོགས་ཤིག་ཅེས་སྨྲས་སོ། །དེའི་སང་བློན་པོ་གཙོ་བོ་དྲུག་པོ་འཚོགས་པས། འཚོགས་རྟེན་གྱི་ཤ་གཟུགས་དྲུག་བྱུང་བ། གཉིས་ལ་རྐང་པ་རེ། གཉིས་ལ་ལག་པ་རེ། གཅིག་ལ་བྲང་སོ། གཅིག་ལ་དལ་མོ་རྣམས་བྱུང་བ་བསྒྲིགས་པས། ཤ་ཁོག་མ་ཉམས་པ་ཞྀག་བྱུང་བ་དང༌། ཐོན་མི་ན་རེ། རྟེན་འབྲེལ་ལེགས། ད་ལན་གྱི་འདུན་གྲོས་འདི་ལ་གྲོས་མ་བྱས་པར་བློ་མཐུན་པར་བྱུང་བས། གང་བསམ་ཐམས་ཅད་འགྲུབ་པར་འདུག འདུན་མ་རྒྱ་མ་ཆུང་ཞིག་ཟེར་རོ། །མགར་ན་རེ། འདུན་མ་རྒྱ་མི་ཆུང་བར་བྱེད་དོ། །ངེད་རང་ཚོའི་རྗེ་འདིས་དགུང་ལོ་བཅུ་དྲུག་བཞེས། གཞན་དུ་མི་རུང་