[A:198]བས་རྒྱལ་སྲིད་འཛིན་པ་ལ་བལ་ཡུལ་ན། བལ་རྗེ་སྲས་མོ་མཛེས་མ་ཞྀག་ཡོད་པར་འདུག་པ་དེ་དང༌། རྒྱ་ནག་གི་རྒྱལ་པོ་ལ་སྲས་མོ་མཛེས་མ་ཞྀག་ཡོད་པ་དེ་གཉིས་འདིར་བཙུན་མོ་ལ་སྤྱན་འདྲེན་པ་ཡིན་ནོ་ཞེས་སྨྲས་པས། ཐམས་ཅད་ཀྱིས་ལེགས་སོ་ཞེས་ཁ་མཐུན་པར་བྱས་སོ། །དེ་ནས་མགར་གྱིས་རྒྱལ་པོའི་དྲུང་དུ་ཕྱིན་ནས། སྔ་སོར་བལ་ཡུལ་གྱི་ལྷ་གཅིག་དེ་སྤྱན་འདྲེན་པས། བཀའ་གནང་བར་ཞུ་བྱས་པས། རྒྱལ་པོས་གསེར་གྱི་དོང་རྩེ་ལྔ་བསྐུར་ནས། འདིས་ཞུ་རྟེན་གྱིས་ཤིག་གསུང་ངོ༌། །རིན་པོ་ཆེ་བཻཌཱུརྱའི་རྨོག་ལ། པདྨ་རཱ་གའི་ཕྲ་རྒྱབ་པ་ཞིག་བསྐུར་ནས། འདི་ལྷ་གཅིག་དེའི་རིན་དུ་ཕུལ་ཅིག་གསུང་ངོ༌། །རྒྱལ་པོ་དེས་བཀའ་ལུང་མི་འདྲ་བ་གསུམ་བཏུད་མར་གསུངས་འོང་གིས། དེའི་དུས་སུ་འདི་གསུམ་མ་ནོར་བར་རེ་རེ་བཞིན་དུ་ཕུལ་ཅིག་གསུངས་ནས། བཀའ་ཤོག་གི་སྒྲོམ་བུ་གསུམ་བསྐུར། འཕྲལ་གྱི་ཟས་གོས་རྒྱན་ལ་སོགས་པ་བསྐུར་ཏེ། རྟ་དང་དྲེལ། རྔ་མོ་ལ་སོགས་ཀྱི་ཁལ་མང་པོ་བརྫངས་སོ། །ལམ་འཕྲང་གང་དུའང༌། ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུང་ངོ༌། །དེ་ནས་བློན་པོ་མགར་གྱིས་རྗེ་ལ་ཕྱག་བྱས་ཏེ། རྫོང་དང་ཡོ་བྱད་རྣམས་ཁྱེར། ཁལ་རྣམས་དེད་ནས། བློན་པོ་རྟ་པ་བརྒྱ་ཐམ་པ་བལ་ཡུལ་དུ་ཆས་སོ། །དེར་བལ་ཡུལ་རིན་པོ་ཆེའི་གླིང༌། གྲོང་ཁྱེར་ཁོ་བོམ་ཀླུའི་ཕོ་བྲང༌། རྒྱལ་པོ་དེ་བ་ལྷ་བཞུགས་པའི་སྒོ་དྲུང་དུ་སླེབས་སོ། །དེར་རྒྱལ་པོའི་དྲུང་དུ་ཞུ་བ་བཏང་སྟེ་མཇལ་བ་ལ། གསེར་གྱི་དོང་རྩེ་ལྔ་པོ་ཞུ་རྟེན་དུ་ཕུལ། རིན་པོ་ཆེ་བཻཌཱུརྱའི་རྨོག་ལ། པདྨ་རཱ་གའི་ཕྲ་བཏབ་པ་དེ་རྒྱལ་པོའི་དྲུང་དུ་བཞག་ནས། མགར་ན་རེ། རྒྱལ་པོ་ཆེན་པོ། རིན་པོ་ཆེ་བཻཌཱུརྱའི་རྨོག་འདི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཏེ། མི་ནད་ཕྱུགས་ནད་བྱུང་བའི་དུས་སུ་རྨོག་འདི་