R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 61
[A:61]རིང་བསྲེལ་དུ་མ་རྙེད་ཅིང་ཚ་ཚའི་ནང་བཞུགས་གཟུངས་ཀྱི་ཤམ་བུར་བླ་མ་གནམ་བརྩེགས་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག་ཅེས་པ་ཡོད་པ། ཕྱིས་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་འཇལ་བས་རིང་བསྲེལ་བརྒྱ་ཕྲག་མང་པོ་བརྙེས། ཁང་བུ་བརྩེགས་པའི་མཆོད་རྟེན་བསོས་ཏེ་བཞུགས་སོ། །བླ་མའི་ཐུགས་ཀྱི་སྲས་གཅིག་བུ་གྲུབ་ཆེན་ཡུ་མོ་ནི། གངས་ཏེ་སེའི་རྩར་ཡབ་རྔམ་ཁྲོ་བོ་ཞེས་པ་ལ། སྲས་ཤཱཀྱ་རྒྱལ་མཚན། རྡོར་བྱང་། ཚུལ་ཤེ །གྲུབ་ཆེན་ཏེ་བཞི་འཁྲུངས་སོ། ། འདི་ཉིད་རིམ་གྱིས་ལ་སྟོད་ལྷོར་བྱོན་ནས། དགུང་ལོ་བཅུ་པ་ལ་ལྟོ་བ་ཆེར་གྱི་གནས་སུ་མཁན་པོ་སྟག་ལོ་ཙཱ་བ་གཞོན་བརྩོན་ལས་རབ་ཏུ་བྱུང་སྟེ། མཚན་འདོགས་པའི་ཚེ་གདུང་རུས་རྔམ་དུ་འདུག་དད་པ་ཤིན་ཏུ་ཆེ་བ་ཞིག་འདུག་པས། རྔམ་བཙུན་དད་པ་རྒྱལ་པོ་ཞེས་པར་འདོགས་སོ་ཞེས་མཚན་དེ་ལྟར་བཏགས། མཁན་པོ་ལ་ཆོས་གསན་ཞིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་སེ་སྟོན་སྒྲ་གཅན་འཛིན་དང་། དགེ་གནས་སུ་བ་རེག་ཐོས་པ་དགའི་དྲུང་དུ་མངོན་པ་དང་ཕར་ཕྱིན་གསན། མི་རྣམས་དབུ་ས་ཡུ་མོའི་མགོ་འདྲ་ཞེས་གླེང་བར་རང་ཉིད་ཀྱིས་ཡུ་མོ་ཞེས་མཚན་བླ་དྭགས་སུ་བཏགས་སོ། །རྨ་དགེ་མཐོང་དང་། སྙེགས་ལ་དབུ་ཚད་དང་། སོག་འདུལ་བ་འཛིན་པ་ལ་འདུལ་བ་དང་སྤྱོད་ཕྱོགས། མདོ་རྩ་ལ་ཞལ་སྟོན་མཛད། ཀྱེ་རྡོར་སོགས་སྔགས་སྐོར་ཡང་གསན། དེར་གྲོགས་གཅིག་གིས་དགུན་ཅི་བྱེད་འདྲི་བ་ལ། མཚམས་བྱས་སྔགས་དཔེ་འདྲ་འབྲི་གསུངས་པས། འོ་ན་བྱོན་ལག་ཚང་ན་རྡོ་རྗེ་སྙིང་འགྲེལ་འདུག་ཟེར་བས་དེ་འབྲིའམ་ཟེར་མ་ཐག །སྔོན་གྱི་བག་ཆགས་སད་ནས་དད་པས་སྤུ་ཟིང་དུ་གྱུར་ཏེ། དཔེ་དེ་གཡར་ནས་འབྲི་ཞིང་གཟིགས་པས་ཤིན་ཏུ་དད་དེ་སུས་ཤེས་དྲིས་པས། སོ་མ་ནཱ་ཐས་ཤེས་ཟེར་བ་ལ། དེ་སྔོན་གྱི་མི་ཞིག་ཡིན་སྙམ་ནས། དབུས་སུ་ཁམས་པ་ལྡེའུ་པ་ལ་སྤྱོད་ཕྱོགས་གསན་ཅིང་བཞུགས་པའི་དུས་སུ། དཔལ་ཆེན་ཟླ་མགོན་སྐར་ཆུང་ན་བཞུགས་ཟེར་བ་གསན་