R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 62
[A:62]ཏེ། རྡོ་རྗེ་སྙིང་འགྲེལ་ཤེས་སམ་བྱས་པས། དེ་ལོས་མཁྱེན་དེར་མ་ཟད། སྤྱིར་གསང་སྔགས་ཙམ་ལ་མཁས་ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་མོ་ཡང་མཁྱེན་ཟེར། ཞུས་ན་གནང་ངམ་དྲིས་པས། སྤྱིར་བཀའ་དོག་སྟེ་ད་ལྟ་བལ་ཡུལ་དུ་གཤེགས་པའི་ཞབས་ཏོག་པ་མེད་པས་འགྲོ་ནུས་ན་གནང་འོང་ཟེར། སུམ་པ་རྡོ་རྗེ་གཞོན་ནུས་ཞུས་སྣ་བྱས་ནས་པཎ་ཆེན་དང་། བླ་མ་གནམ་བརྩེགས་གཉིས། ཀྱེ་རྡོར་རྩ་སྔགས་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་ཞུ་ཏིག་མཛད་པའི་སྐབས་སུ་མཇལ་ཏེ་ཆོས་འབྲེལ་ཞུས་པས། སྔགས་གཉིས་པོ་ལ་བཤད་པ་མཛད་ནས་གསུངས། ཆང་དཀར་ཡོལ་གང་གནང་། པཎ་ཆེན་གྱིས་གསེར་ཐིག་པོ་དང་། གླ་རྩིའི་རྐྱལ་པ་མང་པོ་བསྟན་ནས། འདི་རྣམས་ཁྱོད་ཀྱིས་བལ་ཡུལ་དུ་ཁུར་ནུས་ཤིང་མགོ་ཐོན་ན། སང་རེས་ང་བོད་དུ་འོང་དུས་ཆོས་སྦྱིན་ནོ་གསུངས་པས། སྒོམ་པ་ཚུལ་གྲགས་ལ་དཔེ་ཆ་བཅོལ་བ་ལེན་དུ་བྱོན་པས། ཁྱོད་གར་འགྲོ་ཟེར་བ་ལ་སྔར་གྱི་ལོ་རྒྱུས་བསྙད་པས། པཎྜིཏ་ལ་ཆོས་མི་ཁུགས། སྔར་ཡང་མང་པོས་མ་ཁུགས་པ་ཡིན། དེ་བས་པཎྜི་ཏའི་ཆོས་མ་ལུས་པ་མཁྱེན་པ་ངེད་ཀྱི་བླ་མ་ནོར་བཟངས་ན་བཞུགས་བྱས་པས། བློ་འགྱུར་ཏེ་སྟོན་པ་རྒྱལ་བ་འོད། སྒོམ་པ་དབང་བསོད། སྒོམ་པ་ཚུལ་ཁྲིམས་གྲགས་རྣམས་ཀྱིས་ཞུས་སྣ་བྱས། སྒྲོ་སྟོན་ལ་ཞུ་རྟེན་དུ་གསེར་ཞོ་འགའ་ཞིག་དང་། དུང་ཆོས་ལེགས་པ་གཅིག །ཀ་པཱ་ལ་གཅིག་ཕུལ་བས། ཁྱོད་ཀྱིས་འདི་ཚོ་ལ་ཉེ་བཟང་། སོག་འདུལ་བ་འཛིན་པ་དེ་བཙུན་པ་ཟས་ཟ་མི་ཤེས་གོས་གྱོན་མི་ཤེས་པ་ཐམས་ཅད་ལ་ཞལ་འཆོས་ཕ་ལྟར་བྱེད་པ་ཡིན་ཟེར། དེའི་ཐུགས་ཟིན་ཁྱོད་ཡིན་པར་འདུག་པས། ཡོན་ཏན་གཅིག་ཡོད་པ་ཡིན་ཏེ་འོང་གསུངས་ནས་ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་ལ་ཞལ་མཇལ་ཏེ། ལོ་བཞི་བར་མེད་དུ་བསྟེན་ནས་འགྲེལ་པ་སྐོར་གསུམ་གྱི་གཞུང་མན་ངག་དང་བཅས་པ་དང་། མཚན་བརྗོད་མན་ངག་གི་བཤད་པ་དང་། གསང་འདུས་སྒྲོན་གསལ་ལ་སོགས་གསན་པའི་