[A:63]དུས་སུ། བླ་མ་བག་ཙམ་བསྙུང་བ་ན། གཙང་སྟོན་འདི་ལ་ཆོས་མ་རྫོགས་ཀྱི་བར་དུ་མ་གསད་ཅེས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ངོ་། ། མཐར་ཡང་དབང་བཞི་པ་གནང་། བདག་པོ་ཆེའི་དབང་བསྐུར་མཛད་ནས་འདིས་རྒྱུད་ཀྱི་བཀའ་གནང་ཁྲོལ་བ་ཡིན། སྐལ་ལྡན་མ་གཏོགས་པ་ལ་མ་བཤད་གསུང་སྟེ། རྡོ་རྗེ་ལག་ཏུ་གཏད། རྒྱུད་འདི་ཁྲིད་དང་བདག་པོའི་དབང་མ་ཐོབ་པ་ལ་མི་འཆད་པ་ཡིན། དཔེ་ཙམ་གྱིས་མི་འཁྲོལ་བས། ལན་གསུམ་ཡན་ཆད་ཐོས་ནས་ཚིག་ཟིན་དོན་གོ་བས་བླ་མ་ལ་ཚུར་བཟླས་ཤིང་གཏན་ལ་དབབ་དགོས་པ་ཡིན་གསུང་། དགུང་ལོ་ལྔ་བཅུ་པ་ལ་འུ་ཡུག་ཏུ་བྱོན་ནས་ནུབ་མའི་མདའ་རྒྱལ་ཁབ་ཞེས་པར་གཞི་ཕབ་སྟེ། ཕུར་དབེན་གནས་ཀྱང་མཛད་གག་ཚང་གི་ཕུའི་བྲག་ཏུའང་ཐུགས་དམ་ཡུན་རིང་དུ་མཛད་པས་གྲུབ་པ་ཐོབ་སྟེ། དབང་རྒྱུད་བཤད་མན་ངག་མང་དུ་གསུངས། གསལ་སྒྲོན་བཞི་དང་གཅེས་བསྡུས་ལ་སོགས་པའི་གདམས་པའི་བསྟན་བཅོས་ཀྱང་མང་དུ་མཛད་ནས། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ཏེ། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ། །སློབ་མ་ཡང་སྲས་མཆོག་དྷརྨེ་ཤྭ་ར། ཝ་བྲག་དཀར་བ། གཉལ་པ་གྲོ། གཉོས་ཀྱི་ཁུང་བ། གྲུབ་ཐོབ་དྷརྨ་བོ་དྷི། མཁས་པ་ཏྲེ་བོ་མགོན་པོ། སེ་ཆོས་ཀྱི་མངའ་བདག་ལ་སོགས་པ་མང་དུ་བྱོན་ནོ། །ཡུ་མོའི་སྐུ་སྲས་དྷམེ་ཤྭ་ར་ནི། ཡབ་དགུང་ལོ་ལྔ་བཅུ་རྩ་ལྔའི་ཚེ་འུ་ཡུག་རྒྱལ་ཁབ་ཏུ་འཁྲུངས། སྐྱེས་སྟོབས་ཀྱི་ཐུགས་རབ་ཤིན་ཏུ་ཆེ་ཞིང་། མཚན་ཆོས་ཀྱི་དབང་དུ་བཏགས། ཆོས་འདི་ལ་སྔོན་གྱི་བག་ཆགས་སད་དེ། ཡབ་ལ་ལེགས་པར་གསན་ནས། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། བཅུ་དྲུག་པ་ལ་མི་ཆེན་མང་པོ་ལ་སེམས་འགྲེལ་གསུམ་ག་གསུངས། བཅུ་བདུན་པ་ནས་ལོ་རེ་ལ་རྒྱུད་འགྲེལ་དུས་ཆོས་སུ་གནང་། ཉེར་ལྔ་ཚུན་ལ་ཡབ་ཀྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། སྤྱིར་ཡབ་ཀྱི་ཞལ་སློབ་དགེ་བཤེས་