R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 64
[A:64]ཆེ་དགུ་མཐའ་དག་ལ་གཏུགས་ནས། སྤྱོད་ཕྱོགས་དབུ་ཚད། ལམ་རིམ་རྒྱུད་སྡེ་མང་པོ་དགུང་ལོ་སུན་ཅུའི་བར་དུ་གསན་ཅིང་སྦྱངས། དཔྱལ་ཀུན་དགའ་རྡོ་རྗེ། ས་ཆེན། རྒྱ་གླིང་བ་ལ་སོགས་མཁས་པ་མང་པོ་རྩོད་པས་ཟིལ་གྱིས་མནན་ཏེ་མཁས་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ། གཙང་གཡས་རུ་ཤངས་རྩེ་གདོང་གི་ཤར་ཕྱོགས་སྨོན་མཁར་གྱི་གྲོང་ཆུང་དགོན་པར་ཕལ་ཆེར་བཞུགས་ནས་སྤྱོད་ཕྱོགས་དང་། ཚད་མ་དང་། འཕགས་སྐོར་སོགས་ཀྱང་གསུང་ཞིང་གཙོ་བོར་ཆོས་འདིའི་སྒོ་ནས་བསྟན་པའི་སྒྲོན་མེ་འབར་བར་མཛད་དོ། །འདིའི་སློབ་མ་མཁའགསར་བ་ནམ་མཁའ་འོད་ནི། འགོས་དབང་གཙན་ལ་རིགས་ཚོགས་གསན་པས། སྡེ་སྣོད་མཐའ་དག་ལ་མཁས་པ། སྲས་མཆོག་དྷརྨེ་ཤྭ་ར་ལས་སེམས་འགྲེལ་སྐོར་གསུམ་གཞུང་གདམས་ངག་མ་ལུས་པ་གསན་ཏེ། རྒྱུད་འགྲེལ་ཆེན་མོའི་བཤད་པ་བྱང་བ། ཡན་ལག་དྲུག་གི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་ཞིག་གོ །གཉིས་པ་སྲས་གྲུབ་ཐོབ་སེན་མོ་ཆེ་བ་ནི། ལྗགས་མི་བདེ་ཡང་ཆུང་ངུ་ནས་ཀློག་མ་བསླབས་པར་མཁྱེན། ཡབ་ལ་དབང་རྒྱུད་བཤད་གདམས་ངག་དང་བཅས་པ་ཐོབ་ཅིང་། སྤྲུལ་སྐུ་ཇོ་འབུམ་ལས་ཀྱང་འགྲེལ་ཆུང་པདྨ་ཅན་དང་། སྒྲུབ་ཐབས་མན་ངག་ཕྲན་བུ་མང་པོ་ཐོབ། སླར་ཡང་མཁས་པ་ནམ་མཁའ་འོད་ལས་རྒྱུད་འགྲེལ་གྱི་ཟབ་བཤད་དང་། ཡུ་མོའི་བསྟན་བཅོས་འགའ་ཞིག་དང་། ཡབ་ཀྱིས་མཛད་པའི་རོ་བཅུད་སྟོང་ཐུན་ལ་སོགས་པ་དང་། འབྲོ་ལུགས་ཀྱི་གསུང་སྒྲོས་འོད་ཟེར་ཕྲེང་བ་དང་། རྗེ་བཙུན་ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་གསན་ཅིང་། དེ་དག་ཀྱང་ལན་རེ་ལ་ཐུགས་སུ་ཆུད་ཅིང་། མི་བརྗེད་པའི་གཟུངས་ཐོབ། རབ་ཏུ་བྱུང་པའི་མཚན་ནམ་མཁའ་རྒྱལ་མཚན་ཞེས་བཏགས། བླ་མ་གྱེ་རེ་བ་དང་། རྩེ་གདོང་པ་སོགས་ལ་ཆོས་དྲུག་ཕྱག་ཆེན་བདེ་མཆོག་སོགས་གསན། རྡོ་རྗེའི་རྣལ་འབྱོར་ལ་ཐུགས་དམ་སྙིང་པོར་མཛད་པས་གང་སྣང་སྟོང་གཟུགས་ཁོ་ནར་ཤར་ལ་མངོན་པར་མཁྱེན་པ་ཐོགས་