R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 65
[A:65]མེད་དུ་མངའ། གཞན་གྱི་སེམས་ཤེས་པའི་མངོན་ཤེས་འཛེམ་མེད་དུ་གསུངས་པས་འགའ་ཞིག་མོས་ཀྱང་ཕལ་ཆེར་སྐྲག་ཅིང་བག་ཚ་བར་གྱུར་པས། བླ་མ་རྩེ་གདོང་པས་བཀའ་རྒྱ་བཏབ་ནས་ཕྱིས་སྣོད་ལྡན་རེ་རེ་ཙམ་ལས་གནང་དུ་མི་བཞེད། གཙང་གི་འོ་ལུང་སེ་མོ་ཆེར་བཞུགས་པས་གྲུབ་ཐོབ་སེ་མོ་ཆེ་བར་གྲགས། ལྕམ་ཇོ་འབུམ་མཁའ་སྤྱོད་ལ་གཤེགས་པའི་དུས་མཆོད་ཀྱི་སྐབས་སུ། ཟླ་བ་ཕྱེད་ཀྱི་བར་དུ་མི་གཡོ་བར་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་གསར་ལ། །འོད་གསལ་ཆེན་པོར་མཉམ་བཞག་དུས། །སྔོན་གྱི་སྐྱེ་བ་དྲན་ཞིང་གསལ། ། དཔེར་ན་གཉིད་སད་རྨི་ལམ་བཞིན། །སྔོན་འདས་དུས་ན་འཇིག་རྟེན་ཁམས། །འོད་ཟེར་ཀུན་ནས་འཕྲོ་ཞེས་པར། །བསྐལ་པ་ཆེན་པོ་བཟང་ལྡན་ལ། །བཅོམ་ལྡན་བདེ་གཤེགས་རྫོགས་སངས་རྒྱས། །དྲི་མེད་སྒྲོན་མ་ཞེས་པ་བྱོན། །རྒྱལ་སྲས་ཟླ་བ་དྲི་མེད་དང་། །ཉི་མའི་སྙིང་པོ་ཞེས་པ་བྱུང་། །བདག་གི་འཛམ་གླིང་ས་ཡི་བདག །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། ། གཙུག་གི་ནོར་བུ་ཞེས་བྱར་སྐྱེས། །ལྷ་མཛེས་འོད་མཛེས་ཉི་མཛེས་གསུམ། །བཙུན་མོའི་མཆོག་ཡིན་གཞན་ཉི་བརྒྱ། །དཔལ་འབར་ཟླ་འོད་སྙིང་རྗེ་སོགས། །སྲས་ནི་གཞོན་ནུ་སུམ་བརྒྱ་ཡོད། །བློ་གྲོས་སྙིང་པོ་ལ་སོགས་པའི། །བློན་པོ་དམ་པ་ཉི་ཁྲི་ཡོད། །རྒྱལ་ཕྲན་འབངས་བཅས་བརྒྱ་ཁྲི་ཡོད། །ཕོ་བྲང་འཚོབ་བཟང་པོ་ཞེས། །མཆུ་ཞེང་དཔག་ཚད་བཞི་བཅུ་པ། །དེ་ན་རྒྱལ་སྲིད་འདོད་ཡོན་ལ། །ཀུན་ནས་སྤྱོད་ཅིང་གནས་པ་ན། །སེམས་དཔའ་གཉིས་པོ་དེར་བྱོན་ནས། །སངས་རྒྱས་འཁོར་བཅས་མཆོད་པ་དང་། །ཆོས་ནི་ཉན་པར་བསྐུལ་གྱུར་ཀྱང་། ། བདག་ནི་རྒྱལ་པོའི་དྲེགས་པ་ཡིས། །སེམས་དཔའ་གཉིས་ཀྱི་བཀའ་བཅག་ཅིང་། །བརྙས་ཏེ་དུས་སུ་མ་ཉན་ཏོ། །ཕྱི་ཞིག་རྒྱལ་པོ་འགྱོད་གྱུར་ནས། །སེམས་དཔའ་གཉིས་ལ་མདོངས་གསོལ་ཏེ། །སངས་རྒྱས་འཁོར་བཅས་རྟག་མཆོད་ཅིང་། །དམ་པའི་ཆོས་ཀྱང་ཉན་ཞིང་