R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 66
[A:66]བསྒོམས། །དེ་ནས་བདག་ནི་ཚེ་འཕོས་ཏེ། །བྱང་ཆུབ་སེམས་དཔའི་ངག་བཅག་ཅིང་། །བརྙས་པའི་སྡིག་པས་ལྷུང་གྱུར་ཏེ། །ཕུག་རོན་སྐྱེ་བ་བརྒྱ་བླངས་ཤིང་། །དེ་ནས་བྱ་རྒོད་ལུས་ཉི་ཤུ། ། བྱིའུ་སུམ་ཅུ་སྐྱ་ཀ་བཅུ། །ནེ་ཙོ་བཞི་བཅུ་ཁྲུང་ཁྲུང་གི །སྐྱེ་བ་ལྔ་བཅུ་ལྷ་ཡུལ་དུ། །ཤང་ཤང་ཏེའུའི་ལུས་བཅུ་གསུམ། །དེ་ནས་པུ་ཤུད་ལུས་དྲུག་ཅུ། །ཆུ་བྱ་ལྔ་བཅུ་རྨ་བྱ་བཅུ། །སྦྲང་བུ་ཉི་ཤུ་སྦྱར་བཅུ་གསུམ། །དེ་ནས་མིར་སྐྱེས་དམན་ལོང་ལ། །ཚེ་ལོ་དྲུག་ཅུར་སྡུག་བསྔལ་མྱོང་། ། དེ་ནས་རིགས་ངན་སྐྱུགས་ཤིང་དབུལ། །ནད་ཀྱིས་ལོ་ནི་ལྔ་བཅུར་གཙེས། །སླར་ཡང་གྲོག་མའི་སྐྱེ་བ་གསུམ། །ར་ལྔ་ཁྱི་གསུམ་རྟ་ལྔ་དང་། །མཐའ་མར་ལུག་ནི་དཀར་པོར་སྐྱེས། །རྗེ་བོས་འུར་རྡོ་འཕངས་པས་ཤི །རོ་དེ་རྣལ་འབྱོར་པ་བཞིས་ཁྱེར། །བྲག་ཕུག་དབེན་པར་ཚོགས་འཁོར་བྱས། །དེ་ཡིས་མིར་སྐྱེས་བདག་རང་ཡིན། །ངན་འགྲོ་ཟད་མོད་སྡིག་ལྷག་གིས། །མིག་མི་གསལ་ཞིང་ལྕེ་མི་བདེ། །རྣ་བ་འོན་པ་འདི་ལགས་སོ། །རྫོགས་སངས་རྒྱས་ལ་བསྙེན་བཀུར་ཞིང་། །ཐེག་པ་ཆེན་པོའི་ཆོས་ཐོས་པས། །ད་ལྟ་དམ་པའི་རིགས་སུ་སྐྱེས། །བླ་མ་གྲུབ་ཐོབ་མཆོག་དང་མཇལ། །ཟབ་ལམ་རྣལ་འབྱོར་ཡན་ལག་དྲུག །ཉམས་སུ་ལེན་འདི་བྱུང་པ་ཡིན། ཁྱད་པར་མ་གཅིག་འདས་མཆོད་དུས། །ཕྱག་རྒྱ་ཆེན་པོའི་རང་ཉམས་ལ། །ཡེ་ཤེས་མཁའ་འགྲོ་རྣམ་ལྔ་བྱོན། །དེ་རྗེས་བདེ་མཆོག་དཀྱིལ་འཁོར་མཐོང་། །མི་བསྐྱོད་སྣང་བ་མཐའ་ཡས་དང་། །འཇམ་དཔལ་སྒྲོལ་མ་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། ། མི་གཡོ་བ་དང་བྱམས་པ་མགོན། །དེ་རྣམས་ཀྱི་ནི་སྐུ་མཐོང་གསལ། །དེ་རྗེས་དང་པོའི་སངས་རྒྱས་ཀྱི། །བརྒྱུད་པའི་བླ་མ་རྣམས་བྱོན་ཏེ། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །ཞལ་ནས་གདམས་པའི་བདུད་རྩི་སྩལ། ཁྱོད་ནི་འདིའི་འོག་རོལ་ཏུ། །རབ་ཏུ་དགའ་བའི་ས་གྲུབ་ནས། ། གཙང་མའི་གནས་སུ་ཉེར་འགྲོ་ཞིང་། །སེམས་ཅན་ཐེར་འབུམ་མང་པོ་ཡི། །དོན་ཡང་འགྲུབ་པར་གྱུར་ཅེས་གསུངས། །ཞེས་སོགས་མང་དུ་གསུངས་ཤིང་། ད་ནི་ཁོ་བོ་སྐྱེ་བ་བཅུ་དྲུག་ན་