R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 67
[A:67]སངས་རྒྱས་ནས་སེམས་ཅན་རྣམས་སྒྲོལ་བར་བྱེད་དེ། སྐྱེ་བ་དང་པོ་མི་གདུང་བའི་ལྷ། གཉིས་པ་འཁོར་ལོ་སྒྱུར་བའི་རྒྱལ་པོ་གདུགས་ཀྱི་ནོར་བུ། གསུམ་པ་དབང་བསྐུར་ཆེན་པོ། བཞི་པ་རྒྱལ་པོ་དོན་ཡོད་ནོར་བུ། ལྔ་པ་རྒྱལ་པོ་འཁོར་ལོ་ནོར་བུ། དྲུག་པ་རྒྱལ་པོ་རྡོ་རྗེ་འཆང་། བདུན་པ་རྨ་བྱའི་རྒྱལ་པོ་གསེར་དུ་གནང་བ། བརྒྱད་པ་ནམ་མཁའ་ལྡིང་གི་རྒྱལ་པོ། དགུ་པ་རྒྱལ་པོ་ལག་ན་པདྨ། བཅུ་པ་རྒྱལ་པོ་དགེ་བ་བཀོད་པ། བཅུ་གཅིག་པ་རྒྱལ་པོ་ལག་ན་རིན་པོ་ཚེའི་ཕྱག་རྒྱ། བཅུ་གཉིས་པ་རྒྱལ་པོ་ཕོ་བྲང་རལ་གྲི་ཅན། བཅུ་གསུམ་པ་རྒྱལ་པོ་གྲགས་པ་མཐའ་ཡས། བཅུ་བཞི་པ་ལྷའི་བུ་དབང་བསྐུར་རྒྱལ་པོ། བཅོ་ལྔ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་པདྨ་ཅན། བཅུ་དྲུག་པ་རྒྱལ་པོ་པདྨའི་ནོར་བུ་རྣམས་སུ་སྐྱེས་ནས་ས་བཅུ་བགྲོད་པས་སྨོན་ལམ་རྫོགས་ཤིང་སེམས་ཅན་རྣམས་སྨིན་པར་བྱས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ། མཐར་ཐུག་ནས་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་བཻ་ཌཱུརྱ་ལས་གྲུབ་པའི་ས་གཞི་ལག །མཐིལ་ལྟར་མཉམ་པ་ངམ་གྲོག་དང་ལུང་མེད་པ། གསེར་གྱི་བྱེ་མ་བརྡལ་བ་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་དུག་གསུམ་མེད་ཅིང་ལོངས་སྤྱོད་ལྷུན་གྱིས་གྲུབ་པ། བུད་མེད་དང་ཉན་རང་མེད་པ་ཐེག་པ་དམན་པའི་སྒྲ་ཡང་མི་སྐྲག་པ། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །དེར་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་ནོར་བུ་ཞེས་བྱ་བར་འཚང་རྒྱ་སྟེ། འཁོར་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་ཐེག་པ་ཆེན་པོའི་ཆོས་སྟོན་ཏོ། ། སྟོན་པ་དེའི་ཕྱག་ཞབས་ཀྱི་སོར་མོ་རེ་རེ་ལས་པདྨ་རེ་རེ་འབྱུང་ལ། དེ་རེ་རེ་ལས་ཀྱང་པདྨ་བྱེ་བ་ཕྲག་ཐེར་འབུམ་འབྱུང་ཞིང་། དེའི་རེ་རེའི་ནང་ནས་སངས་རྒྱས་སྤྲུལ་པའི་སྐུ་བྱེ་བ་ཕྲག་ཐེར་འབུམ་བྱུང་ནས། སེམས་ཅན་དཔག་ཏུ་མེད་པ་ལ་ཐེག་པ་ཆེན་པོའི་ཆོས་སྟོན་ཏེ་གྲོལ་བར་མཛད་དོ། །ཞེས་རང་གཞན་གྱི་སྐྱེ་བ་འདས་མ་འོངས་མང་པོ་ལུང་བསྟན། ཕོ་བ་ལུང་ཕུག་ཏུ་