[A:73]གསུངས་པ་རྣམས་འདི་དང་འདིའོ་ཞེས་སྐྱར་བས། ཀུན་གྱིས་འདི་ནི་སྤྲུལ་པ་ཞིག་གོ་ཞེས་ཡ་མཚན་དུ་སྒྲོག་ཅིང་སྔོན་གྱི་གནས་རྗེས་སུ་དྲན་པའི་ཚུལ་བརྗོད་པས་པཎ་ཆེན་ཤཱཀྱ་ཤྲཱིའི་སྤྲུལ་པར་ཀུན་གྱིས་ཤེས་སོ། །བླ་མ་ཡང་དགྱེས་ཏེ་ཡབ་ཏུ་ཞལ་གྱིས་བཞེས་ནས། དེ་ཕྱིན་གྱི་བསྟན་བཅོས་རྣམས་ཀྱི་སྦྱར་བྱང་དུ་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞེས་མཛད་དོ། །བཅུ་གསུམ་པ་ལ་གནས་རྙིང་པ་ཆོས་ཀྱི་རིན་ཆེན་གྱིས་མཁན་པོ། གླང་པ་ཕང་ཐང་པ་ཤཱཀྱ་དར་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། མཚན་ཡང་ཆོས་ཀྱི་འོད་ཟེར་དུ་བཏགས། ཡབ་གསེར་སྡིངས་པ་ཆེན་པོའི་དྲུང་དུ་སྨོན་འཇུག་གི་སྡོམ་པ་དང་། ཐོག་མར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ། གདམས་པ་མང་པོ་ཞིག་གསན་པའི་སྐབས་སུ། རྡོ་རྗེ་འཆང་ཆེན་བྱིན་རླབས་ཀྱིས། །བྱང་ཆུབ་སེམས་ལ་བརྟན་པ་ཐོབ། །སྣང་སེམས་སྲིད་པ་ཧྲུལ་པོར་སོང་། །འགྱུ་བ་སེམས་ཀྱི་དེ་ཉིད་མཐོང་། །ཐམས་ཅད་རྩོལ་མེད་ལྷུན་གྲུབ་རྫོགས།། ཞེས་ཞུས་པས། འོ་དེ་ཙུག་འོང་བ་ཡིན། ངས་ཇི་ལྟར་ངོ་སྤྲད་པ་བཞིན་དུ་ཁྱོད་ལ་སྤར་བཏབ་པ་བཞིན་རྩོལ་མེད་དུ་འབྱུང་བ་འདི་རང་བྲོད་གསུངས་ནས། འདུས་པ་དང་། དགྱེས་རྡོར་གྱི་དབང་། རིམ་ལྔ། ཆོས་དྲུག །ལམ་འབྲས་སོགས་གནང་བ་ན། གནས་པ་རྩ་ཡི་དེ་ཉིད་ཤེས། གཡོ་བ་རླུང་ལ་རང་དབང་ཐོབ། །བཀོད་པ་བྱང་ཆུབ་སེམས་ཀྱིས་བརྒྱན། །ལུས་ངག་སེམས་ནི་བདེ་གསལ་སྟོང་། །རྒྱུ་ལམ་འབྲས་བུའི་བཞུགས་ཚུལ་ཤེས། །ཞེས་ཞུས་པས། འོ་ཅག་ཕ་བུ་ལ་དེ་ཙམ་རེ་ཏེ་རེ་སར། ངས་སྙིང་པོའི་ལྡེ་མིག་གཏད་ཟིན་གྱིས་གཞོན་དུས་བཤེས་གཉེན་ཕྱོགས་མེད་གྲངས་མེད་བསྟེན་ལ། ཐེག་པ་མཐའ་དག་གི་ལུང་ནོད་ཅིག །སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་སྒོ་ཕྱེ་ལ། འདོད་དགུ་འབྱུང་བའི་ནོར་བུ་རྣམས་གདུལ་བྱའི་སེམས་ཅན་རིས་མེད་པ་ལ་རང་རང་གི་སྐལ་བ་དང་འཚམས་པར་བྲིམས་ཤིག །སྙིང་པོ་བསྡུས་པའི་ལྡེ་མིག་གིས། །སྒོ་ལྕགས་བཙན་ཡང་ཕྱེད་དེ་མཆི། །ཐོག་མར་ངེས་ཤེས་སྐྱེས་ན་ཡང་། །ད་དུང་རྒྱུ་