R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 74
[A:74]མཚན་ཕྱི་ནས་སེམས། །དེ་ལྟར་བསམས་ན་ཐུབ་བསྟན་དང་། །སེམས་ཅན་ཀུན་ལ་ཕན་པ་བྱས། །ང་ཡི་འབད་པ་དོན་དང་བཅས། །དེ་རིང་ཁོ་བོའི་བསམ་པ་རྫོགས། །ཞེས་གསུངས། དགུང་ལོ་བཅོ་ལྔ་པ་ནས་ལོ་བཅུའི་བར་དུ་གསན་སྦྱོང་མཛད་པས་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། དེ་ནས་ཡབ་ཀྱི་ཞལ་ནས། ཆོས་རྗེ་འཇམ་གསར་བ་དང་སྐྱེ་བ་སྔ་མ་ནས་ལས་འབྲེལ་ཡོད་པས་དེའི་དྲུང་དུ་སོངས་ཤིག་ཅེས་བརྫངས་ཏེ། འཇམ་གསར་བ་གྲུབ་ཁང་ན་བཞུགས་པའི་དྲུག་དུ་བྱོན་ནས། གཤེད་དམར་གྱི་དབང་གསན་པའི་ཚེ་བླ་མ་གཤིན་རྗེ་གཤེད་དུ་གཟིགས། གཞན་ནང་དབང་བྱིན་རླབས། ཕར་ཚད་སོགས་གཞུང་གདམས་ངག་མང་དུ་གསན། ཆོས་རྗེའི་ཞལ་ནས། གཞན་བློ་བུམ་ནང་ནམ་མཁའ་ཙམ། །འདི་བློ་ཕྱི་རོལ་ནམ་མཁའ་འདྲ། །དེ་ཕྱིར་འདི་བློ་མཚུངས་མེད་དེ། །མ་བྱུང་འབྱུང་བ་ཤིན་ཏུ་དཀོན། །ཞེས་ཚོགས་སུ་བསྔགས་པར་མཛད་དོ། །གྲུབ་ཐོབ་སེ་མོ་ཆེ་བ་ལ་དུས་འཁོར་གསན་དུ་བྱོན་པས། ཆོས་འདི་ལ་ངས་དམ་དུ་བྱས་པ་ཡིན་ཅིང་། གདམས་ངག་དང་རྒྱུད་རྫོགས་པར་ཞུ་བ་ལ་བླ་མ་ལོ་མང་དུ་བསྟེན་དགོས་པ་ཡིན། ང་ལས་འཇམ་གསར་བ་རྒྱུད་མཐོ་བར་འདུག །ཁོང་འཇམ་དཔལ་དངོས་སུ་མཐོང་བས་ངས་ཐམས་ཅད་དུས་གཅིག་ལ་བྱིན་ནས། ཆོས་འདིའི་བདག་པོ་ཁོང་ལ་གཏད་པ་ཡིན་པས། ཁྱོད་རང་ཡང་ཆོས་འདི་འདོད་ན་ཁོང་ལ་ཞུས། ཁྱེད་གཉིས་སྐྱེ་བ་མང་པོའི་དཔོན་སློབ་ཡིན་གསུང་ནས། ཆོས་འབྲེལ་དང་བྱིན་རླབས་གནང་དེ་ནས་གྲུབ་ཁང་དུ་འཇམ་གསར་བ་ལ་དུས་འཁོར་གྱི་དབང་གསན་པའི་དུས་ཀྱི་ཚེ། བླ་མ་རྡོ་རྗེ་ཤུགས་དངོས་སུ་གཟིགས། འདི་ལྟར་གདའ་ཞུས་པས། རྡོ་རྗེ་ཤུགས་དངོས་ཡིན་སྙམ་པའི་དཔའ་ཡོད་པ་ཡིན། འོ་སྐོལ་དཔོན་སློབ་ལ་བགེགས་ཀྱིས་མི་ཚུགས་གསུངས། ཡེ་ཤེས་ཕབ་དུས་སཾ་སྐྲ་ཏའི་སྐད་མང་དུ་བྱུང་པས་ཁ་ཆེ་པཎ་ཆེན་གསང་འདུས་ལ་མཁས་པའི་བག་ཆགས་སད་པར་འདུག་གསུང་། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས།