R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 75
[A:75]དབང་བཞི་པའི་སྐབས་སུ་ང་བཞིན་དུ་ལུས་གནད་འཆོས་ལ་མི་རྟོག་པའི་ངང་ལ་ཞོགས་གསུངས་པ་ཙམ་གྱིས་འགྱུ་བ་ཕྲ་རགས་ཆད་དེ་བདེ་སྟོང་ཆེན་པོའི་ཏིང་ངེ་འཛིན་མངོན་དུ་གྱུར། ཕྱིས་སྒོམ་ཁང་དུ་བསྒོམས་པས་ཉམས་རྟོགས་འུར་ལངས་ཏེ། ཆོས་རྗེའི་གསུང་གིས་གསལ་བ་རབ་ཀྱི་མཐར་ཕྱིན་གདའ། གཞན་མའི་སྒོམ་ཆེན་གྱི་སྒོམ་སྲན་ལ་འོ་སྐོལ་གྱི་གདམས་ངག་འདི་ཡོད་ན་ལུང་པ་གྲུབ་ཐོབ་ཀྱིས་བགང་དུ་ཡོང་ངེ་གསུངས། ཆོས་རྗེ་དེ་ཐུབ་པ་དང་འཇམ་དཔལ་སོགས་སུ་གཟིགས་པས། ངས་ལྷ་གང་བསྒོམས་པ་ལྟར་ཁྱེད་ཀྱིས་མཐོང་བར་འདུག་པ། གཞན་ལ་མ་གླེང་གསུངས། ཕྱིས་རྒྱ་ནག་ནས་ཕེབས་ནས་ཀྱང་། རྒྱུད་འགྲེལ་མན་ངག་དང་བཅས་པ་མང་དུ་གསན། དང་པོ་མཇལ་བ་ནས་སངས་རྒྱས་ཀྱི་འདུ་ཤེས་ལས་ཐ་མལ་དུ་ནམ་དུ་ཡང་མ་མཐོང་གསུང་། མཚན་གསན་པ་ཙམ་ལའང་སྤྱན་ཆབ་འབྱིན། གྲང་པོ་ལུང་དུ་འཇམ་རྒྱལ་བ་ལ་བསྙུང་གནས་ཀྱི་ལུང་ཞུས་པས་སྤྱན་རས་གཟིགས་ཀྱི་ཕྱག་གིས་དབུ་ལ་ཉུལ་བའི་སྣང་བ་བྱུང་། ཁྲོ་ཕུར་བཟང་རིངས་ལ་མངོན་པ་དང་། སྟག་ཐོག་ཏུ་ས་སྐྱ་པཎྜི་ཏ་ལ་སྒྲ་ཚད་སྙན་ངག་སྡེབ་སྦྱོར་བདེ་དགྱེས་སོགས་ཆོས་མང་པོ་དང་། པཎ་ཆེན་བི་བྷུ་ཏ་ཙན་ལ་ཕྲེང་བ་སྐོར་གསུམ། བདེ་མཆོག །སྦྱོར་དྲུག །ཁ་ཆེ་སངྒ་ཤྲཱི་ལ་ཕྲེང་བའི་དབང་དང་ཀ་ཙན་གྱི་སྒྲ་མདོ། དཔྱལ་ཆོས་བཟང་ལ་དཔྱལ་པའི་ཆོས་སྐོར། དཔྱལ་པདྨོ་ཅན་ལ་སྦྱོར་དྲུག་རྣམས་གསན། ཉེར་ལྔ་པ་ལ་སྔར་གྱི་མཁན་སློབ་དགེ་འདུན་དང་བཅས་པ་ལས་བསྙེན་པར་རྫོགས། སྲེའུ་ཆུང་པ་ལྕེ་མདོ་སྡེ་སེངྒེ་ལ་ཡོ་ག་སོགས་ཆོས་སྐོར་མང་པོ་གསན། སོ་བརྒྱད་པ་ལ་མང་མཁར་དྲིལ་ཆེན་དུ་ས་སྐྱ་པཎྜི་ཏ་ལ་བགྱེས་རྡོར་གྱི་དབང་། སེམས་བསྐྱེད། རིགས་གཏེར་གསན། ཁོང་ཧོར་ཡུལ་དུ་ཐེགས་པའི་སྐྱེལ་གདུང་གཞུ་ཀུན་དགའ་ར་བའི་བར་དུ་མཛད། ལྷ་སར་ཇོ་བོའི་དྲུང་དུ་མཆོད་པའི་སྤྲིན་སྟིབས་ཏེ་གསོལ་བ་བཏབ་པས་ཇོ་བོའི་སྐུ་ལས་འོད་ཟེར་འཕྲོ་བ་བྱུང་། བདག་གིས་ཚོགས་བསྐྱངས་ཆོས་བཤད་དང་། །དབེན་པར་ཚོགས་སྤངས་སྒོམ་