R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 84
[A:84]མཛད། མཐར་གཙང་པོ་རྒལ་ཏེ་ཆོས་དབྱིངས་ཕུག་མོའི་གནས་སུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས། རེ་བཞི་པ་ལྕགས་ཕོ་སྤྲེའུ་ལ་མཁས་བཙུན་པ་གདན་སར་བསྐོས་ནས། དཔྱིད་ཟླ་ར་བའི་ཚེས་གཅིག་ལ་གཤེགས། སྟེང་ཕྱོགས་འོག་མིན་གྱི་ལྷ་གནས་ན་བཞུགས་སོ་ཞེས་ཀརྨ་པ་རང་བྱུང་རྡོ་རྗེས་གསུངས་སོ། །རྗེ་འདི་ཉིད་ལ་རྒྱུད་འཆད་པ་ལ་མཁས་པ་དང་། སྦྱོར་དྲུག་ལ་མྱོང་རྟོགས་ཐོབ་པའི་སློབ་མ་གྲངས་མེད་ཅིང་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་བརྒྱ་ཕྲག་མང་དུ་བྱུང་པ་ལས། མཆོག་ཏུ་གྱུར་པ་ནི། སྟག་ལུང་པ་རཏ་ཀ་ར། ཤ་གྲགས་སེང་བ་གྲུབ་ཐོབ་དར་ཡུལ་བ། མཁས་བཙུན་ཡོན་ཏན་རྒྱ་མཚོ་དང་བཞིའོ། །མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། གཙང་མདོག་གི་དབེན་པར་བསྔགས་པའི་དགོན་པ་མཁར་རྙིང་དུ་ཡབ་ཀུན་དགའ་དཔལ་དང་། ཡུམ་མགོན་སྐྱིད་ཀྱི་སྲས་སུ་ལྕགས་སྤྲེལ་ལ་འཁྲུངས། གདུང་ལྡིང་མཆེད་ལྔའི་ཐ་ཆུང་། བཅུ་གསུམ་པ་ལ་ཤར་པ་ཡེ་ཤེས་རྒྱལ་མཚན་ལ་དགེ་བསྙེན་མནོས། མཚན་ཡང་ཐུགས་རྗེ་དཔལ་དུ་བཏགས། བཅོ་ལྔ་པ་ལ་མདར་དུ་བྱམས་དར་བྱང་སྐྱབས་ཀྱི་གྲྭ་སར་བྱོན། སྤྱང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཁན་པོ། ཡོན་ཏན་དཔལ་གྱིས་སློབ་དཔོན་མཛད་དེ། རབ་ཏུ་བྱུང་། མཚན་ཐུགས་རྗེ་རྒྱལ་མཚན་དུ་བཏགས། མངོན་པ་ཀུན་ལས་བཏུས་རྣམ་ངེས་རིགས་གཏེར་རྣམས་མཁས་པར་སྦྱངས། དེ་ནས་ས་སྐྱར་བྱོན་ཏེ་འཇམ་དབྱངས་གཞི་ཐོག་པ་ལ་བཏུགས། ཁོང་གིས་བུ་སྟོན་ཀུན་བཟང་དཔལ་ལ་སྤྲད། ཕར་ཕྱིན་འཇམ་གསར་ལུགས་སློབ་ཏུ་བཅུག་པས་འཕྲལ་དུ་མཁྱེན། བཞི་ཐོག་པ་མཉེས་ཏེ། དེ་རིང་ཆོས་ཁྲི་ཁར་འབུལ་བ་གང་བྱུང་ཡང་ཁྱོད་ལ་སྟེར་བས། ངའི་ཆོས་ཁྲིའི་སྟེང་དུ་སྡོད། འབུལ་བ་ཆེ་ཆུང་ཁྱེད་རང་གི་བསོད་ནམས་ལ་རག་ལས་སོ་གསུངས་པ་ལ། དེར་ཁམས་པ་གཅིག་གིས་དབུ་ཞ་གསོལ་ཞལ་སྡེར། བེར་ཐུལ། ཇ་སྡུམ། གོས་ཕྱི་ནང་། མཛོ་སོགས་འབུལ་བ་བྱུང་པས་སྐུ་བསོད་ཆེ་བར་གྲགས་སོ། །བཞི་ཐོག་པའི་དྲུང་དུ་ཕྱི་ནང་གི་རྒྱུད་སྡེ་མང་དུ་