[A:87]ལས་སློབ་ལ་སོ་ཐར་གསན། བསད་ཤ་མི་གསོལ་བའི་གཡར་དམ་མཛད། སླར་ཡང་ས་སྐྱར་སྐྱི་སྟོན་པའི་དྲུང་དུ་མངོན་པ་མཛོད་ལ་སྦྱངས་ཤིང་། ཕྲེང་བ་ཞེ་གཉིས་མ་དང་ཉེར་བརྒྱད་མ། དུས་འཁོར་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ། དམར་ནག་འཇིགས་གསུམ། དཔལ་རྩེ་དབྱིངས་གསུམ་ལ་སོགས་པའི་དབང་རྗེས་གནང་ཉི་བརྒྱ་བཅུ་བཞི་རྣམས་དཀྱུས་ཐོག་གཅིག་ལ་གསན། དུས་འཁོར་རྭ་ལུགས་སོགས་རྒྱུད་སྡེ་མང་པོའི་བཤད་པ། ཚད་མ་སྡེ་བདུན། བྱམས་པའི་ཆོས་ལྔ། པྲ་ཀ་ར་ཎ་སྡེ་བརྒྱད་སོགས་གཞུང་ལུགས་མང་པོ། ལུང་སྡེ་བཞི། ཤེར་ཕྱིན་རྒྱས་འབྲིང་བསྡུས། མདོ་མངས། ཕལ་དཀོན། རྒྱུད་འབུམ་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་མཐའ་ཡས་པ་གསན། དེ་ནས་ལྷ་སར་ཇོ་ཤཱཀ་རྣམ་གཉིས་འཇལ། ཁྱད་པར་སྤྱན་རས་གཟིགས་ཀྱི་དྲུང་དུ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་གཞན་ལ་སྟོན་ནུས་པའི་གསོལ་བ་དྲག་ཏུ་བཏབ། བྱིན་གྱིས་རླབས་པའི་མཚན་མ་ཐོབ། བསམ་ཡས་ཀྱང་མཐལ་ཞིང་སྐྱི་ཕན་གྱི་གྲྭ་ས་ཕལ་མོ་ཆེར་གྲྭ་བསྐོར་ལ་བྱོན། འཇམ་དབྱངས་ཤཱཀ་གཞོན། བཙན་དགོན་པ་བ། དབེན་དགེ་བ་སོགས་མཁས་པར་གྲགས་པ་རྣམས་རིགས་པས་བརྟུལ། མཁན་ཆེན་བསོད་གྲགས་པ་ལ་བློ་སྦྱོང་ཞུས་པས་བྱང་ཆུབ་ཀྱི་ཐུགས་འབྱོངས། འཁྲུངས་ཡུལ་དུ་བྱོན་ནས་ཡབ་དང་འཇལ། ལ་སྟོད་མངའ་རིས་ཀྱི་དགེ་བཤེས་རྣམས་རིགས་པས་བརྟུལ་བས་མངའ་རིས་དབུས་གཙང་ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ། ཁབ་གུང་ཐང་དུ་ཤར་པ་ཀུན་བསོད་ལ་བདེ་མཆོག་གསན། དེ་ནས་ས་སྐྱར་ཕེབས་ཏེ་དུས་ཆོས་སུ་བཀའ་ཆེན་བཞི་སོགས་སྤོ་ཏི་ལྔ་དྲུག་རེ་སྦྲེལ་ནས་གསུངས། དུང་ལུང་དགའ་ལྡན་དུ་ཀྱེ་རྡོར་གྱི་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཇོ་མོ་ནང་དུ་གུ་ཤྲི་རིན་སེང་བའི་དར་འགྱེད་སྐྱེལ་དུ་བྱོན་པས་སྒྲུབ་པ་བ་རྣམས་ཀྱི་སྒྲུབ་ཚུགས་ལ་དད་པ་སྐྱེས་ཏེ། ད་བཟོད་འདིར་འོངས་ནས་སྒོམ་