[A:88]ཆིག་ཁྲིལ་གཅིག་བྱ་དགོས་དགོངས་པ་བྱུང་། བླ་མ་སེངྒེ་དཔལ་བས་བསྐུལ་བས་རྣམ་འགྲེལ་གྱི་ཊིཀྐ་མཛད། སེངྒེ་དཔལ་བ་དབུས་ཕྱོགས་ཀྱི་ཆོས་གྲྭ་ཐམས་ཅད་དུ་འབྱོན་པའི་ཕྱགས་ཕྱིར་བྱོན། མཚུར་ཕུར་ཀརྨ་པ་རང་བྱུང་རྡོ་རྗེའི་དྲུང་དུ་རང་སྟོང་གི་ལྟ་བ་བཟུང་ནས་འབྲེལ་གཏམ་མཛད་པས། མ་འོངས་པ་ན་གཞན་སྟོང་དུ་འགྱུར་ཞེས་ལུང་བསྟན། སེངྒེ་དཔལ་བ་གོང་དུ་བྱོན་པའི་ཕྱག་ཕྱིར་འབྱོན་དགོས་གསུང་བ་ལ་ཞུ་བ་ནན་གྱིས་ཕུལ་ནས། སོ་གཅིག་པ་ལ་ཇོ་མོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་དུས་ཀྱི་འཁོར་ལོའི་དབང་དང་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཀྱི་ཀློང་རྡོལ། རྒྱུད་བཤད་སོགས་ཆོས་སྐོར་མ་ལུས་པ་གསན། དེ་ནས་གསང་ཐབས་སུ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ལ་དུས་འཁོར་རྒྱུད་འགྲེལ། རྣམ་ཕྲེང་བའི་དབང་ཕྱག་ལེན། བྱམས་པའི་ཆོས་ལྔ་སོགས་གསུངས། དེ་ནས་ཀུན་སྤངས་པས་ཞུ་བ་པོ་མཛད་ནས་མཁས་བཙུན་པ་ལ་དུས་འཁོར་གྱི་དབང་གསན་དུས། ཐིག་འདེབས་པ་ལ་ཀུན་སྤངས་པ་ཆེས་མཁས་པར་བྱུང་པས། མཁས་བཙུན་པ་དགྱེས་ཏེ། རྗེ་འདི་ལ་ཁྱེད་ཀྱིས་དད་འདུན་ཅན་རྣམས་ལ་རྒྱུད་འགྲེལ་ཚར་གཅིག་གསུང་བ་ཞུ་གསུངས་པས། བདེ་བ་ཅན་གྱི་བླ་གཡེར་དབུས་སུ་དཀྱིལ་འཁོར་ཡོངས་རྫོགས་དང་། ཕྱོགས་མཚམས་སུ་ཐབ་ཐིག་རྣམས་བཏབ། འཛིམ་པས་དཀྱིལ་འཁོར་ཐབ་བསླང་། ཕྱི་འཇིག་རྟེན་དང་ནང་རྩིག་རླུང་གསུམ་གྱི་བཀོད་པ་རྣམས་བཟོས། སློབ་མ་ཉིས་བརྒྱ་ཙམ་ལ་རྒྱས་པར་གསུངས་པས། མཁས་བཙུན་པས་བེར་ཐུལ་སོགས་གནང་སྦྱིན་ཆེན་པོ་མཛད་ནས། ཚོགས་ཆོས་ཡང་གནང་བར་ཞུ་གསུངས་པས། བཀའ་བཞིན་སྐྱེས་རབས་སྤྱོད་འཇུག་བསླབ་བཏུས་རྣམས་གསུངས། དེ་ནས་མཁས་བཙུན་པས་བདེ་དགྱེས་གསང་གསུམ་སོགས་ཀྱི་དབང་རྒྱུད་མན་ངག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་། དེ་ནས་མཁའ་སྤྱོད་བདེ་ལྡན་དུ་ཐུགས་དམ་རྩེ་གཅིག་ཏུ་བཞུགས་པས། མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བ་