R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 51
[A:51]གིས་ཀྱང་ལོ་བརྒྱའི་བར་དུ་རྩ་རྒྱུད་འགྲེལ་པ་དང་བཅས་པའི་ཆོས་བསྟན། དེ་ནས་དེའི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན། དེའི་སྲས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན་དང་། དེ་སྲས་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུག །དེའི་སྲས་རྟ་མགྲིན་གྱི་སྤྲུལ་པ་སྣ་ཚོགས་གཟུགས། དེའི་སྲས་མཁའ་སྙིང་གི་སྤྲུལ་པ་ལྷའི་དབང་ལྡན་རྣམས་ཀྱང་སེངྒེའི་ཁྲི་ལ་རྩ་རྒྱུད་རྩ་འགྲེལ་བསྟན་ནོ། །དེ་ནས་མཁའ་སྙིང་གི་སྲས་འཇམ་དཔལ་གྱི་སྤྲུལ་པ་གྲགས་པས་སེངྒེའི་ཁྲི་ལ་ལོ་བརྒྱར་རྩ་རྒྱུད་རྩ་འགྲེལ་བསྟན་ནས། དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་ཀྱིས་ཀཱ་ལ་པའི་གྲོང་ན་གནས་པའི་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་རྣམས་སད་པར་མཛད་ནས་ནག་པའི་ཉ་ལ་མ་ལ་ཡའི་ཚལ་གྱི་དཀྱིལ་འཁོར་ཆེན་པོར་བཅུག་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་སྟོང་སུམ་ཅུ་པ་ཡང་དག་པར་བསྡུས་ཤིང་དེ་ཡང་འཇིག་རྟེན་ཁམས་ལེ་ལ་བརྒྱ་རེ་དགུ། ནང་ལེ་ལ་བརྒྱ་དོན་གསུམ། དབང་ལེ་ལ་ཉི་བརྒྱ་དང་གསུམ། སྒྲུབ་ལེ་ལ་ཉི་བརྒྱ་དང་སོ་བཞི། ཡེ་ལེ་ལ་ཉི་བརྒྱ་དང་ང་གཅིག་སྟེ་རྩ་རྒྱུད་ལས་ཕྱུང་བའི་བློ་ཀ་སྟོང་སུམ་ཅུ་དང་། ཁམས་ལེར་རབ་མཆོག་པ་གཞི་ཞེས་བློ་ཀ་གཅིག་གང་ཞིག་མི་ཡི་སོགས་སློབ་དཔོན་མཉེས་པ་དང་། ཇི་ལྟར་བསྡུས་པ་དང་དགེ་བ་བསྔོ་བ་དང་། གྲགས་པ་བདག་ལ་ཨུཏྤ་ལའི་དཔེ་སྟོན་པར་མཛད་པ་རྣམས་ལེགས་པར་བསྟན། རིགས་བཞི་མཐའ་དག་རྡོ་རྗེའི་རིགས་གཅིག་ཏུ་མཛད་པས་རིགས་ལྡན་ཞེས་མཚན་གསོལ། དེ་མན་ཆད་རྣམས་ལའང་རིགས་ལྡན་དུ་གྲགས། ཉི་མའི་ཤིང་རྟ་སོགས་དྲང་སྲོང་རྣམས་ཟླ་བ་ཕྱི་མ་ས་གའི་ཉའི་ཐོ་རངས་ལ་ཕྱག་རྒྱ་ཆེན་པོའི་དངོས་སྒྲུབ་བརྙེས་སོ། །རང་གི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་པདྨ་དཀར་པོ་ལ་འགྲེལ་བཤད་རྩོམ་པར་བསྐོས་ཤིང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་ཐིམ་མོ། །པདྨ་དཀར་པོས་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་