[A:༡༥ན] ཕེབས་ཡོད་འདུག་པའི་སྐྱོས་མ་ཡིན་ཞེས་གླང་བའང་བྱུང།
གུང་ལོ་བཞི་བཅུ་བཞེས་པའི་དུས། མི་དམར་ཞེས་བྱ་བ་ཤིང་པོ་བྱི་བ་ལོའི་ཆུ་སྟོད་ཟླ་བ་ལ། སྐལ་བཟངས་ཀྱི་སངས་རྒྱས་བདུན་པ་རབ་གསལ་ཞེས་བྱ་བ་འཚང་རྒྱ་བར་ལུང་བསྟན་པའི་པཎྜི་ཏ་ཆེན་པོ་ཤཀྱ་ཤྲི་བྷ་ཏྲའི་ཁྲི་མནན་ནས། སྟན་གཅིག་གི་རིང་ལུགས་བླ་ན་མེད་པ་སྐྱངས་ཏེ། མྱོས་ལྡན་ཞེས་བྱ་བ་ས་མོ་ཡོས་ཀྱི་སྨིན་དྲུག་ཟླ་བའི་བར་ཚོགས་པའི་མཁན་ས་བཟུང། མཁན་པོར་བསྐོས་པའི་ཞོགས། རྩེ་ཐང་པའི་སློབ་དཔོན་གཞོན་པ་སྟོན་པ་བཟང་པོར་གྲགས་པ་གཅིག་དང་སྒྲོ་གླེང་མཛད་དེ། ཐལ་འགྱུར་རྒྱལ་བའི་ང་རྒྱལ་བསྐྱེས་ནས་གྲུབ་མཐའ་བཤད་པ་དང། སྐྱོང་ལུགས་འདི་འདྲ་གཅིག་དགོས་པ་ཡིན། སྤྱིར་མདོ་རྒྱུད་མཐའ་དག་གི་དགོངས་པ་ཤེས་པ། རིག་པའི་གནས་ལྔ་ལ་སྦྱངས་པ། ཐེག་པ་གསུམ་གྱི་རྣམ་བཞག། གྲུབ་མཐའ་བཞིའི་འདོད་ཚུལ་ཡི་དམ་ལྷའི་སྣང་བ་ཐོབ་པ། སྒོམ་པའི་ཉམས་མྱོང་། དེ་རྣམས་ལ་སོ་སོར་འབྱེད་པའི་བློ་ཕྱོགས་ལྷུང་དང་བྲལ་བ་གཅིག་དགོས་པ་ཡིན། གྲལ་ལ་གོང་ནས་དབོན་ཞང་གི་ཐོག་གྲངས་པའི་དཔོན་སྐྱ་འཇིགས་སུ་རུང་བ་མང་པོ་དང། དགེ་འདུན་ཚོགས་པའང་མང་པོར་ཡོད། སྒྲོ་གླེང་གི་འཕྲོ་མ་ཆོད་པར། ཡ་གཏམ་རན་བྱུང་པས། དེ་འཕྲལ་གཏམ་བཤད་རྒྱས་པ་བཏང་པས། བྱིན་ཧ་ལས་པ་དང། འགའ་ཞིག་ངོ་འཚར་སྐྱེ་བའང་བྱུང་གསུང། མེ་ཏོག་འཐོར་བའི་དུས། ཕྱི་ན་ཡོད་པ་རྣམས་ཀྱིས་གཟིགས་པ་ལ། ཕོ་བྲང་སྣེ་གདོང་ལ་འཇའི་གུར་ཕུབ་པ་དང། མེ་ཏོག་གི་ཆར་བབས་པ་སོགས་མཐོང་པའང་བྱུང་འདུག་ཟེར་རོ། རི་ཕྲན་དབུས་ན་ལྷུན་པོ་ཇི་བཞིན་དུ། བསྟན་འཛིན་དབུས་ན་རྩོད་བྲལ་ལྷ་ངེ་བ། ཆོས་མཐུན་དྲི་བ་བྱུང་ཚེ་སྤོབས་པ་རྒྱས། མི་འཇིགས་མངའ་བསྙེས་ཆོས་རྗེའི་ཞབས་ལ་འདུད། དེའང་འདི་སྐད་ཐོས་ཏེ། སྔར་ཁ་མ་བཟོ་བ་ལ་བརྟེན་ནས། ཕྲ་དོག་སྐྱེས་པ་དང། གྲུབ་མཐའ་སྡང་ཞུགས་བྱེད་པ་མང་དུ་བྱུང་པའི་རྩེ་ཐང་པ་རྣམས་