[A:༣བ] དང་། རྣལ་འབྱོར་མ་རྒྱ་མཚོའི་ཚོགས་ཀྱིས་མེ་ཏོག་གི་ཆར་དང། ལྷའི་སིལ་སྙན་གྱི་སྒྲ་དུ་མ་དང་། དབང་བསྐུར་བ་དང། ཤིས་པར་བརྗོད་པ་དང། ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་མཆོད་པ་དང། སྐྱེ་བོ་མང་པོས་ཕྱག་བྱེད་པ་དང། ལུས་ལ་ཉི་མ་ཤར་བ་དང། ཟླ་བ་ཁོང་དུ་ཞུགས་པ་དང། དེ་ལས་འོད་ཟེར་འཕྲོ་བ་དང། རིན་པོ་ཆེའི་རྐས་ལ་འཛེག་པ་ལ་སོགས་པའི་རྨི་ལྟས་བསམ་གྱི་མི་ཁྱབ་པ་བྱུང་སྟེ། དེ་དུས་འཕགས་པའི་ཐུགས་རྗེ་ཡིན་པ་ལས་གཞན་མངལ་བཟུང་བར་ཡིན་པར་ནི་མ་མངོན་ནོ། ལྷུམས་ན་བཞུགས་པའི་ཚེ་ན་ཡང། ཡུམ་ལ་གནོད་པ་མེད་པར། སྐུ་ལུས་ཡང་བ་དང། སེམས་ཅན་ལ་ཚད་མེད་པའི་སྙིང་རྗེ་རང་ཤུགས་ཀྱི་སྐྱེ་བ་དང། ཟོ་མདོག་བཟང་ཞིང་། ཏིང་ངེ་འཛིན་ངང་གིས་འཆར་བ་དང། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་གསེར་འོད་བམ་པོ་ལྔ་པ་དང་། བཀའ་རྒྱས་འབྲིང་གསུམ་ལ་གཟིགས་ཐོག་ནན་གྱི་མཛད་འདོད་པ་གཅིག་བྱུང་འདུག་གསུང། སྐུ་ལྟམས་པའི་ཚེ་ན། ས་གཡོ་བ་དང་། གཟིམས་ཁང་ལ་ཉི་མ་ཤར་བ་དང། འཇའི་གུར་ཕུབ་པ་དུས་མཉམ་དུ་བྱུང་པ་ཡིན་ཟེར་ལ། དེ་ལྟ་བུའི་སྐྱེས་ཆེན་དམ་པ་དེ། བསོད་ནམས་ལས་ཡིན་བསོད་ནམས་སྐྱེས་ཞེས་པར། གྲོང་མིས་མཚན་གསོལ་རྐང་གཉིས་གཙོ་བོ་དེ། རྒྱ་མཚོའི་ལོ་ལ་གསེར་འོད་ཞལ་མདོན་མཛད། བཟང་པོའི་ལས་སད་བླ་མའི་ཞབས་ལ་འདུད། དེ་ཡང། ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོ། ནག་པས་ཉ་བའི་ཚེས་བརྒྱད་ལ་སྐུ་འཁྲུངས། བཅོ་ལྔ་ལ་ཕྱིར་མཐོན། ཡབ་ཡུམ་གཉིས་དང། གྲོང་མི་ཁྱིམ་མཛེས་ལ་སོགས་པ་སྐྱེ་བོ་མང་པོས། རྗེ་རིན་པོ་ཆེའི་སྐུའི་དབྱིབས་ལ་བརྟགས་པ་ན། དབུ་ཟླུམ་ཞིང་རྒྱས་པ་དང། ཡན་ལག་དང། ཉིང་ལག་རྣམས་རིང་ཞིང་འཇམ་ལ། ཤིན་ཏུ་མཛེས་ཤིང་། ཡིད་དུ་འོང་བས། ཡབ་ན་རེ། ངའི་བུ་འདིས་འགྲོ་བ་ལ་ཕན་ཐོགས་པ་གཅིག་འོང་པར་འདུག་ཟེར། གཞན་རྣམས་ན་རེ། འདི་ཁྱེད་རང་རྣམས་ཀྱི་བསོད་ནམས་ལས་སྐྱེས་པ་ཡིན་པར་འདུག་ཟེར་ནས། མཚན་བསོད་ནམས་སྐྱེས་ཞེས་བྱ་བར་གྲགས་སོ། བཤེས་གཉེན་པ་གཅིག་ན་རེ། འདི་སྐྱེས་བུ་ཁྱད་པར་ཅན་གཅིག་ཡིན་པར་འདུག་གསུང། ཐམས་ཅད་ཐུགས་དད་སྐྱེས་