[A:༤བ] ཐུགས་རྗེ་དང་ཆུས་མཐུ་ཐོགས་པ་མེད་པས། ལྷ་འདྲེ་མི་གསུམ་དམ་ལ་ཐོགས་ནས་ཅི་གསུང་བསྒྲུབ། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པས་འོད་གསལ་གྱི་ངང་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ། བསྐྱེད་རིམ་གྱིས་གཞན་སྣང་ཟིལ་གྱི་གནོོན་ནུས་པས་འགའ་ཞིག་གིས་བཅུ་གཅིག་ཞལ་དུ་མངོན་སུམ་དུ་མཐོང་པ་དང། ཞལ་དགུ་པ་དང། ཞལ་བཞི་པ་དང། ཞལ་གཅིག་པ་སོགས་སྣ་ཚོགས་སུ་སྟོན་པའི་སྐྱེས་ཆེན་རྗེ་རང་གི་སྐུ་ཞང་ཡིན་པའི་ཆེས་རྗེ་གཉག་ཆེན་བསོད་ནམས་དབང་ཕྱུག་ཞེས་མཚན་ཡོངས་སུ་གྲགས་པ་དེའི་དྲུང་དུ་བྱོན། དགེ་བསྙེན་གྱི་སྡོམས་པ་བསླངས། མཚན་བསོད་ནསམ་བཟང་པོ་ཞེས་བྱ་བར་བཏགས། བཅུ་གཅིག་ཞལ་དང། དོན་ཞགས་ཆོ་གའི་ལུང་དང་རྗེས་སྣང། གདམས་པའི་ཆོས་སྐོར་རྣམས་ཚང་པར་ཞུས། དེའི་ཚེ་ཆོས་རྗེའི་ཞལ་ནས་འདང་རྨི་ལམ་ཀྱང་བཟང། ད་ནང་བྱིས་པ་འདི་འོང་པ་ལ་ལྟ་བ་ཡིན་འདུག། འདིའི་ལུས་བྱད་ཀྱང་ཤིན་དུ་ལེགས། དབང་པོ་ཡང་གསལ། འདིས་མ་འོངས་པ་ན་བསྟན་པ་ལ་ཕན་ཐོགས་པ་གཅིག་འོང་པར་འདུག་གསུང་ནས། སེམས་སྐྱེད་ཀྱི་སྡོམས་པའང་ཕོག། གདམས་པའི་གནད་མང་པོ་གནང། དེ་ནས་བཟུང་སྟེ་ལོ་བཅུ་གཅིག་མ་བཞེས་ཀྱི་བར་དོན་ཞགས་དང། བཅུ་གཅིག་ཞལ་གྱི་བསྙུང་གནས་། ཉ་དང། གནམ་སྟོང་དང་ཚེས་བརྒྱད་རྣམས་ལ་མ་ཆག་པར། ཡུམ་གྱི་ཕྱགས་ཕྱི་འབྲངས་ནས་མཛད། དེའི་དུས་ནས་མི་སེར་པོ་གཅིག་གིས་ལག་ཏུ་རྒྱལ་མཚན་བྱིན་པ་དང། ཁྲུས་མཛད་པ་དང། མི་མང་པོ་ལ་བུམ་ཆུ་འགྱེད་པ་དང། མང་པོས་ཕྱག་བྱེད་པ་སོགས་ཀྱི་རྨི་ལྟས་མང་པོ་བྱུང། དེའི་རྒྱུ་མཚན་ནམ་རྟགས་ནི། དུས་ཕྱིས་མི་མང་པོའི་རབ་བྱུང་དང། བསྙེན་རྫོགས་ཀྱི་མཁན་པོ་བྱེད་པ་འདི་ལ་ལྟ་བ་ཡིན་འདུག་དགོངས་པ་བྱུང་གསུང། བཅུ་གཅིག་ལོ་ལ་དགེ་ཚུལ་སྡོམས་པ་ནོད། སྐད་གཅིག་དེ་ལ་འདུལ་བའི་བག་ཆགས་སད། མདོ་རྩ་ཕྲེང་རྒྱུད་སོགས་ལ་ལོ་འགའ་སྦྱངས། ཉི་ཤུའི་ངོ་ལ་བསྙེན་རྫོགས་མཛད་ལ་འདུད། དེ་ལ་འདི་སྐད་གསུང་སྟེ་དེ་ནས་གུང་ལོ་བཅུ་གཅིག་པ། ལྕགས་མོ་ཡོས་ཀྱི་ལོ་ལ། མཁན་ཆེན་རིན་ཆེན་དོན་གྲུབ་དཔལ་བས་གཙོ་མཛད་པའི་ཚོགས་པ་དགེ་འདུན་སྒང་པ་ཕེམས་