R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 73
[A:73]ཀྱི་རང་མཚང་མངོན་དུ་གྱུར་པ་རྣམས་བདག་ཉིད་ཆེན་པོ་འདིའི་ངེས་འབྱུང་དང་སྐྱོ་ཤས་དང་སྙིང་རྗེ་ཆེན་པོའི་མེ་ལྕེའི་བུད་ཤིང་གྱུར་ཏེ། ཡང་དང་ཡང་དུ་ལྷག་པར་འབར་བས་རྐྱེན་བྱས་ཤིང༌། སྤྱིར་ཡང་བསྙེན་པར་མ་རྫོགས་པ་རྣམས་ཀྱི་ཚངས་པར་སྤྱོད་པ་ནི་བྱིས་པ་མིག་མཆི་མས་གང་བ་དང་འདྲ་བར་དགེ་བའི་ཕྱོགས་ལ་རྫོགས་པར་སྤྱོད་མི་ནུས་ཤིང་བསྟན་པ་ལ་ཞུགས་ཀྱང་གནད་མ་རྫོགས་པར་བསྟན་པའི་གསང་ཟབ་མོ་རྣམས་ལ་སྤྱོད་པའི་སྐལ་བ་དང་མི་ལྡན་ཅིང་ཚངས་པར་སྤྱོད་པའི་དཔལ་དང་ལྡན་པ་བློ་གྲོས་དཔལ་བཟང་པོ་བའི་དྲུང་དུ་མཁན་པོ་ཞུས་ཏེ། མཁན་པོར་འོས་པ་དང་སློབ་དཔོན་དུ་འོས་པ་གཉིས་དང་དགེ་འདུན་གྲངས་དང་མཚན་ཉིད་ཚང་བ་མི་མཐུན་པ་གཉིས་དང་བྲལ་བ་བཅུ་ཕྲག་ལྷག་པའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་བཞེས་ཏེ། རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པར་མཛད་དོ། །དེ་ལྟར་གྱུར་ནས་ཀྱང་ཉིན་པར་ཆོས་འཆད་པ་དང་སྦྱོར་བ་ཟིན་ཐུན་ལ་སོགས་པས་དུས་མདའ་ཞིང༌༑ མཚན་མོ་སྤྱན་དམར་པོར་སོང་སོང་གི་བར་དུ་སྒྲོན་མེ་ལ་གཟིགས་རྟོག་མཛད་པ་སོགས་ཀྱི་བརྩོན་འགྲུས་ཤིན་ཏུ་ཆེ་བར་མཛད་པའི་སྐབས་ཤིག་ཏུ་ནད་ཡམས་དྲག་པོ་ཞིག་གིས་ཡུལ་ཕྱོགས་གཙེས་ཤིང༌། ཁྱད་པར་རང་གི་གྲྭ་པ་མང་པོ་ཞིག་ལ་འབྲུམ་བུ་དང་ཤོལ་རིམས་ལ་སོགས་པ་རིམས་ནད་མང་པོས་ཡུན་རིང་དུ་བཏབ་པ་ན། བདག་ཉིད་ཆེན་པོ་འདི་ནི་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངསབསླངས་ཏེ། བུ་གཅིག་པ་ལ་མ་ཡིས་ཇི་ལྟར་བྱ་བ་བཞིན་དུ་ནད་གཡོག་ལེགས་པར་མཛད་ནས་སྨན་སྦྱིན་པ་དང་ཟས་སྙོད་པ་དང༌༑ རྒྱུ་མཐུན་འདོར་བ་ལ་སོགས་པའི་སྒོ་ནས་བསྲཻལ་བ་དང་བསྐྱངས་