[A:74]པ་དང་བསོགསོ་བའི་སྦྱོར་བ་ལ་ཉིན་མཚན་དུ་བརྩོན་པར་མཛད་ཀྱང༌། འགའ་ཞིག་ཚེའི་དུས་བྱས་ཀྱང་འགའ་ཞིག་ནད་ཀྱིས་ཡུན་རིང་དུ་མནར་བ་ལ་བརྟེན་ནས། བདག་ཉིད་ཆེན་པོ་འདིའི་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལྷག་པར་འཕེལ་བའི་རྐྱེན་དུ་འགྱུར་ཞིང༌། སྐྱོ་ཤས་དང་ངེས་འབྱུང་གི་བསྐུལ་མ་ཆེན་པོར་གྱུར་ཏེ། ད་ནི་ཐེག་པ་ཆེན་པོའི་དགེ་བའི་གཤེས་གཉེན་ཡོངས་སུ་རྫོགས་པ་ཞིག་ལ་བརྟེན་ནས། ཐོག་མར་རང་རྒྱུད་ལེགས་པར་འདུལ་བ་ཁོ་ན་ནན་ཏན་གྱིས། གཙོ་བོར་བྱ་དགོས་པར་འདུག་གོ་སྙམ་དུ་དགོངས་པ་ཉིན་མཚན་ཁོར་ཡུག་ཏུ་ཐུགས་ལ་འཁྲུངས་པར་གྱུར་ཏོ། །དེ་ནས། མང་ཐོས་ཚུལ་བཞིན་བསྒྲུབ་ལ་ཐུགས་གཞོལ་ཚེ། །ཐུབ་དབང་སྐྱབས་མཆོག་ཆོས་རྗེའི་མཚན་ཐོས་ནས། །རྟག་ཏུ་ངུ་ཡིས་ཆོས་འཕགས་མཚན་ཐོས་ལྟར། །དཔག་ཡས་བདེ་བའི་མཆོག་བརྙེས་ཁྱོད་ལ་འདུད། །ཅེས་པ་དེ་ལྟར་བདེ་བར་གཤེགས་པའི་གསུང་རབ་དྲི་མ་མེད་པ་མང་དུ་གསན་ཅིང་མཁས་པའི་གོ་འཕང་ལེགས་པར་བརྙེས༑ རྙེད་པ་དང་བཀུར་སྟིའི་དཔལ་ཕུན་སུམ་ཚོགས་པ་རྣམས་ཐོབ་ཏུ་ཟིན་ཀྱང༌༑ ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་དང༌། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ།། ཞེས་པ་ལ་སོགས་པ་དང་ལེགས་པར་བསྟུན་ན། ཆོས་རྣམས་ཀྱི་ཚིག་དོན་རགས་རིམ་ཁོང་དུ་ཆུད་པ་ཙམ་གྱིས་མི་ཆོག་གི མདོ་སྔགས་ཐམས་ཅད་ལམ་གྱི་རིམ་པར་བསྡུས་ནས་ཉམས་སུ་བླངས་ཏེ། སྤྱིར་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་དང༌༑ ཁྱད་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་མངོན་པར་ཕྱིན་པ་གཅིག་མི་དགོས་ཁ་མེད་དུ་འདུག་པས། ད་ནི་དེ་ལྟ་བུ་རྫོགས་པར་སྟོན་པའི་ཐེག་