[A:76]གྲོས་དང་སྤོབས་པ་ཡོངས་སུ་རྫོགས་པ་ཞིག ཆོས་དཀའ་ཆེན་བཞི། རྩ་འཇུག་བསླབ་སྤྱོད་ལ་སོགས་པ་གསུང༌། དེང་སང་གསང་ཕུ་ལས་ཀྱང་འཆད་ཉན་དམར་བར་མཛད་ཀྱིན་འདུག་པའི་དྲུང་དུ་མར་ལམ་ཕྱིན་ནས། ཆོས་ཀྱི་རྣམ་གྲངས་ཐོགས་གཅིག་ལེགས་པར་ཐོས་ཤིང༌། ཁྱད་པར་བླ་མ་དེའི་བྱང་ཆུབ་ཀྱི་སེམས་དང་དེས་ཞིང་ཞི་བའི་ངང་ཚུལ་བཟང་པོས་རང་རེའི་ང་རྒྱལ་གྱི་རྙོགས་པ་ལྷག་མ་མེད་པར་ཞི་བར་བྱས་སོ་ཞེས་ང་རོ་དྲག་པོ་དང་བཅས་ཏེ་བཤད་པ་ན། སྔོན་སྐུ་སྐྱེ་དཔག་ཏུ་མེད་པའི་སྔ་རོལ་ནས་དཔོན་སློབ་ཀྱི་འབྲེལ་བ་ཁྱད་པར་ཅན་སྔོན་དུ་སོང་པ་དང༌། ཆོས་ཀྱི་རྒྱལ་པོ་དེའི་ཚོགས་གཉིས་ཀྱི་མཐུ་དང༌། བདག་ཉིད་ཆེན་པོ་འདི་དགེ་བའི་བཤེས་གཉེན་དོན་དུ་གཉེར་བའི་འདུན་པ་དྲག་པོ་སོས་ཀའི་གླང་པོ་ཚ་བས་ཤིན་ཏུ་གདུང་པས་ཆུའི་སྒྲ་ཐོས་པའམ། ཆར་འདོད་ཀྱི་བྱིའུས་འབྲུག་སྒྲ་ཐོས་པ་ལྟར་གྱུར་པ་རྣམས་ཀྱི་མཐུས། ཇི་ལྟར་འཕགས་པ་རྟག་ཏུ་ངུས་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་མཚན་ཐོས་པ་བཞིན་དུ། དཔག་པར་དཀའ་བའི་བདེ་བ་དང༌། ཡིད་བདེ་བ་ཐུགས་ལ་འཁྲུངས་པར་གྱུར་ཅིང༌། ཏིང་ངེ་འཛིན་སྒོ་དུ་མ་མངོན་དུ་གྱུར་པ་དང་མཚུངས་པའི་དགའ་བ་དང༌། དད་པ་དང༌། གུས་པ་དང༌། ཡོན་ཏན་ལ་དམིགས་པའི་ཡིད་ལ་བྱེད་པ་བརྗོད་ཀྱིས་མི་ལང་བ་ཞིག་སྐྱེས་ནས་ད་ནི་རིངས་པར་རིངས་པར་ཡོངས་སུ་རྫོགས་པའི་བཤེས་གཉེན་དེའི་དྲུང་དུ་འགྲོ་བར་བྱའི་སྙམ་པ་ཁོ་ནས་ཉིན་མཚན་འདས་ཏེ་ཞལ་ཟས་བཞེས་པ་སོགས་ཀྱང་མི་དྲན་པ་ལྟ་བུར་གྱུར་ཏོ། །དེ་ཚེ་ཚེ་འདིའི་ལོངས་སྤྱོད་རྒྱ་ཆེན་རྣམས༑ ༑བསྟན་དང་དང་པོའི་ཡོངས་འཛིན་ཆེད་དུ་གཏང༌། །མྱུར་དུ་དུ་མའི་འཁོར་རྣམས་སྤངས་ནས་ནི། །སྐྱབས་མཆོག་མཆོག་ཏུ་གུས་པས་བསྟཻན་ལ་