R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 77
[A:77] འདུད༑ ༑ཅེས་པ་ནི། དེ་ནས། དང་པོར་ཁམས་ནས་གསེར་དངུལ་སོགས་ཀྱི་ཡོ་བྱད་མང་པོ་བསྣམས་བྱོན་པ་རྣམས། འཕྲལ་གྱི་ཡོ་བྱད་དང༌། བླ་མ་སློབ་དཔོན་གྱི་འབུལ་བ་སོགས་ལ་རྒྱ་ཆེར་གཏང་ཡང་ལྷག་མ་རྣམས་ཡར་ལུངསཀླུངས་སྐོར་ན་གསེར་ཤོ་ལེན་མཁན་མང་བའི་ཤུགས་ཀྱིས་བེད་ཤེར་བཏང་པ་རྣམས་འཕེལ་ནས་གསེར་ཞོ་བརྒྱད་ཅུ་ཙམ་བསྟུད་རྒྱུ་ཡོད་པ་རྣམས་མགྱོགས་པར་བསྡུས་ཏེ། དེ་དུས་ཇ་ནག་བསུལ་དྲི་མ་ཤིན་ཏུ་བཟང་པོ་དར་བའི་དུས་ཡིན་པས་ཇ་དང་བསྒྱུར་ཏེ། དཔལ་གསང་ཕུ་ནེའུ་ཐོག་དང༌། བདེ་བ་ཅན་དང༌། རྩེསརྩེད་ཐང་རྣམས་སུ་མང་ཇ་ལེགས་པར་བསྐོལ༑ བླ་མ་དང་སློབ་དཔོན་འབྲེལ་ཡོད་རྣམས་ལ་འབུལ་བ་ཕུན་སུམ་ཚོགས་པ་བྱས་ཏེ། སྤྱིར་རྒྱལ་བའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པ་དང༌། མདོ་ཁམས་སོགས་སུ་གཤེགས་པའི་བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཐབས་དང༌། ད་ལྟ་ཞལ་བཞུགས་ཀྱི་བླ་མ་སྤྱི་དང༌། ཁྱད་པར་ཆོས་ཀྱི་རྒྱལ་པོ་ལོ་ཆེན་སྟག་ཚང་པའི་སྐུ་ཚེ་དང་འཕྲིན་ལས་རྒྱས་ཤིང་བདག་ཉིད་ཀྱི་ཡང་བཞེད་པ་མཐའ་དག་མཉེས་བཞིན་དུ་བསྐོང་པའི་སྨོན་ལམ་རྒྱས་པར་མཛད། །འཕྲལ་གྱི་ནམ་བཟའ་ཤིན་ཏུ་བཟང་བ་མང་པོ་ཡོད་པ་རྣམས་ཀྱང་འབུལ་འགྱེད་ལ་རྫོགས་པར་བཏང༌། ཕྱིན་ཆད། བླ་མ་དེའི་དྲུང་དུ་ཕྱག་རྟེན་ཅུང་ཞིག་མ་གཏོགས་པ། བདོག་པའི་དངོས་པོ་ཅུང་ཟད་ཀྱང་མེད་པར་བྱས་ནས་བསོད་སྙོམས་ཀྱི་འཚོ་བ་དང་ཕྱག་དར་ཁྲོད་ཀྱི་གོས་དང་ཤིང་དྲུང་གི་གནས་མལ་ལ་སོགས་པ་འདོད་ཆུང་ཆོག་ཤེས་ཁོ་ན་ལྷུར་བླངས་ཏེ། ཚེ་འདིའི་རྙེད་བཀུར་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པའི་སྒོ་ནས་ཚེ་བློས་བཏང་གི་ཆོས་འབའ་ཞིག་བྱའོ་སྙམ་པ་མཛད་ནས། ཕྱག་དཔེ་ཐོགས་གཅིག་མ་གཏོགས་