[A:78]གང་ཡང་མ་ལུས་པར་མཛད། ཕྱག་དཔེ་རྣམས་ལྷ་ས་བར་དུ་སྐྱེལ་མཁན་གཅིག་ཁྲིད་པ་དེ་ཡང་ཕྱིར་སློགརང་ལ་ལྟོས་པའི་སློབ་བུ་ཐམས་ཅད་ཀྱང་འོས་པའི་ཡོངས་འཛིན་གཞན་ལ་ལེགས་པར་སྦྱར་ནས་བྱ་བྲལ་འབའ་ཞིག་ལ་ཐུགས་ཆས་ནས༑ གཙང་ལ་འབྱོན་པའི་ཟླ་རོགས་དགུག་པའི་ཆེད་དུ་ཆོས་འཁོར་ལྷ་སར་བཞུགས། ཇོ་བོའི་དྲུང་དུ་ཕྱག་མཆོད་དང་བསྐོར་བ་དང༌། བཞེད་པ་མཐར་ཕྱིན་པའི་གསོལ་བ་འདེབས་པ་ལ་བརྩོན་པར་མཛད་དོ། །དེ་ནས་རིང་པོ་མ་ལོན་པ་ན༑ ཤངས་ཀྱི་ཚུམས་བདེ་ཆེན་གྱི་གདན་ས་བ། བླ་མ་ནམ་མཁའ་འོད་ཟེར་ཞེས་བྱ་བ། ཆོས་རྗེ་ལོ་ཆེན་གྱི་དྲུང་དུ་མི་ཕྱེད་པའི་དད་པ་ལེགས་པར་ཐོབ་པ་ཞིག་ཡོད་པ་དེ་དཔོན་སློབ་སུམ་ཅུ་ཙམ་ལྷ་ས་བསྐོར་དུ་བྱོན་ནས། འབོག་ཁྲེས་དང་བཅས་ཏེ། ལྷ་སའི་བར་ཟམ་ན་ཚུར་བྱུང་པ་ན། རྗེ་འདི་ཉིད་ཀྱིས་ཕྱི་སྐོར་མཛད་ཀྱིན་ཡོད་པས་གཟིགས་ཏེ། འདི་སྙམ་དུ། ད་ནི་ཁོ་བོ་དོན་དུ་གཉེར་བའི་ལམ་གྲོགས་ཀྱི་འགྲོན་པོ་གདོན་མི་ཟ་བར་བྱུང་ངོ་སྙམ་དུ་དགོངས་ནས་རིངས་པར་རིངས་པར་བྱོན་ཏེ། སྤྱིར་འདུལ་བ་ནས་དགོན་པ་བ་ལ་སྦྱར་བའི་བསླབ་བྱ་དང༌། མདོ་སྡེ་ནས་དགེ་སྦྱོང་གི་རྒྱན་བཅུ་བདུན་གསུངས་པའི་ཐ་མ་གྱ་ནོམ་གྱི་སྤྱོད་པ་ལ་ཇི་ལྟར་གསུངས་པ་ལྟ་བུའི་འགྲོན་པོ་གློ་བུར་བ་ལ་བཞིན་གྱི་མདངས་གསལ་ཞིང་ཁྲོ་གཉེར་མེད་ལ་འཛུམ་པ་དང་བཅས་པས་བསུ་བ་དང་གཏམ་བྱ་བར་གསུངས་པ་དང་མཐུན་པའི་ཉམས་ལེན་མཛད་པའི་སྟེང་དུ། བླ་མ་དོན་དུ་གཉེར་བའི་དད་པས་ཀུན་ནས་བླངས་ཏེ། དབུ་ཞྭ་ཕུད་ནས༑ དྲུང་པ་རྣམས་འདིར་ཕེབས་སམ་གསུང་པའི་བཀུར་བསྟི་ཆེན་པོ་མཛད། གང་ནས་བྱོན་པ་ལ་སོགས་པའི་གཏམ་འདྲི་བ་སོགས་ཤིན་ཏུ་གུས་པར་མཛད་ནའང༌། ཁོང་རྣམ་པ་ཇོ་བོ་རིན་པོ་ཆེ་ལ་