R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 79
[A:79]དད་པ་དང་དོན་དུ་གཉེར་བའི་ཤུགས་ཧ་ཅང་དྲག་པོས་གསུང་ལན་འཇལ་ལོང་ཡང་མེད་པར་མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་སྐུ་དངོས་དང་དབྱེར་མེད་པའི་དྲུང་དུ་བྱོན་ནས། ཕྱག་འཚལ་བ་དང་གདུང་ཤུགས་ཀྱིས་གུས་པ་ཆེན་པོས་ངུད་མོའི་སྒྲ་དང་བཅས་པའི་བསྟོད་པ་གསོལ་བ་འདེབས་པ་ལ་སོགས་པ་ཡུན་རིང་དུ་འགོར་བའི་བར་དུ་ཡང་དེ་རྣམས་གར་འགྲོའི་ཟླ་ལ་བྱོན་ཏེ། རྫོགས་པའི་སངས་རྒྱས་ལ་དད་པའི་མྱུ་གུ་གོང་ནས་གོང་དུ་འཕེལ་བའི་རྐྱེན་གྱིས་ཀྱང༌༑ བླ་མ་གང་ན་བཞུགས་པའི་གཏམ་ཞིག་ཐོས་པར་གྱུར་སྙམ་པའི་འདུན་པ་ཁོ་ན་རྩེ་གཅིག་ཏུ་འཁྲུངས་པར་གྱུར་ཏོ།། དེ་ནས་རིང་ཞིག་ལོན། འགྲོན་པོ་དེ་དག་གི་རང་རང་གི་འདོད་པ་དང་དད་པའི་ཤུགས་རྣམས་ཀྱི་རྦ་རླབས་དྲག་པོ་དག་ཅུང་ཟད་ཞི་ནས་རང་བཞིན་དུ་གནས་པར་གྱུར་པ་ན། ཁྱེད་རྣམ་པ་གཙང་ཕྱོགས་ནས་ཕེབས་པར་འདུག་པ། གང་ནས་བྱོན་ཞེས་གསུངས་པ་ན། བླ་མ་ནམ་འོད་པ་དེས་བདག་ཉིད་ཆེན་པོ་འདི་ལ་མིག་མི་འཛུམ་པར་རིང་ཞིག་གཟིགས་ནས། རང་རེ་བ་གང་དོན་དུ་གཉེར་བ་ཡིན། གནས་གང་དུ་བྱོན་བཞེད་པ་ཡིན་ཀྱང༌། ཤིན་ཏུ་ཐུགས་བཞེད་དང་དོན་གཉེར་ཆེ་བའི་རྣམ་པ་ཞིག་འདུག ངེད་རྣམས་ནི་གཙང་གི་གཡས་རུ་ཤངས་དང་སྟག་ཚང་གི་ཕྱོགས་ནས་ཡོངས་པ་ལགས་སོ་ཞེས་ཞུས་པ་ན། ཕྱག་ཐལ་མོ་སྦྱར་ཏེ། དེ་ནན་ལྟར་ཐུགས་ལ་བཏགས། ཆོས་རྗེ་ལོ་ཙཱ་བ་ཆེན་པོ་མཁྱེན་ནམ་ཞེས་གསུངས་པ་ན། བླ་མ་དེས་ཀྱང་ཞྭ་མོ་ཕུད། ལོས་ཤེས། ངེད་ཀྱི་རྩ་བའི་བླ་མ། དེང་སང་གངས་རིའི་ཁྲོད་ན་འགྲན་ཟླ་དང་བྲལ་བ་ཡིན་ནོ། །རང་རེ་ས་དེར་འབྱོན་བཞེད་པར་འདུག་པ། ངེད་དཔོན་སློབ་ཀྱིས་ཕྱག་ཕྱི་ལེགས་པར་བྱས་ནས་གདན་འདྲེན་པ་ཡིན་ཞེས་ཟེར་བས་ཤིན་ཏུ་མཉེས་པར་གྱུར་ཏོ། །དེ་