R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 81
[A:81]རྫོགས་པའི་མཐུ་དང༌། གདུལ་བྱའི་སྨོན་ལམ་གྱི་འབྲས་བུ་སྨིན་ཅིང་དད་པའི་མཐུ་ཕུལ་དུ་བྱུང་བ་ལྷག་པར་རྒྱས་པའི་སྟོབས་ཀྱིས་བདེ་བ་དང་ཡིད་བདེ་བ་མཆོག་ཏུ་རྒྱས་པ་ནི། དགེ་སློང་བསམ་གཏན་དང་པོའི་དངོས་གཞི་དང་པོར་ཐོབ་པ་ཙམ་འཕགས་པ་མཐོང་ལམ་ཐོབ་པ་ཙམ་དུ་གྱུར་ཏེ༑ འོན་ཀྱང་ཤིང་རྟ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་པའི་ཚུལ་མ་བསྟན་པ་ཙམ་མོ། །དེ་ནས་དེ་མ་ཐག་ཏུ་སྔར་གསན་སྦྱོང་དང་ཐུགས་དམ་ཇི་ལྟར་མཛད་ད་ཐུགས་བཞེད་ཀྱི་གཙོ་བོ་གང་ཡོད་ཅེས་པ་ལ་སོགས་པའི་བཀའ་མཆིད་རྒྱས་པར་མཛད་པ་ན། སྔོན་གྱི་ལོ་རྒྱུས་རྣམས་རྒྱས་པར་ཞུས། གཙོ་བོར་བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་པོ་སེམས་འདུལ་བའི་རིམ་པ་ཉམས་ལེན་གྱི་གནད་ལ་སྒྲིལ་བའི་ཐོས་བསམ་ཡོངས་སུ་རྫོགས་པ་གཅིག་ཞུ་བར་འདོད་པས། བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་ཞིང༌། གཞན་ཡང་མཇལ་མ་ཐག་ནས་སྐུ་སྐྱེ་སྔ་མ་རྣམས་སུ་དཔོན་སློབ་ཀྱི་འབྲེལ་བ་ཡུན་རིང་དུ་གོམས་པའི་མཐུས༑ བརྩེ་སེམས་ཅན་གྱི་ཕ་དང་ཡིད་དུ་འོང་བའི་བུ་གཉིས་ལོ་མང་པོར་ཡུལ་གྱི་བསྐལ་བའམ། ཤིན་ཏུ་བྱམས་པའི་མཛའ་བཤེས་བྲལ་ནས་ཕན་ཚུན་འོང་བ་དག་བདེ་བར་འཕྲད་པ་ལྟ་བུའམ། དངོས་སུ་ན། སྔོན་ཇོ་བོ་ཆེན་པོ་དང་སྟོན་པ་རིན་པོ་ཆེ་མངའ་རིས་སྟོད་དུ་མཇལ་བ་བཞིན་དུ། ཕན་ཚུན་དུ་དགའ་བའི་སྤྱན་མི་འཛུམས་པར་གཟིགས་པ་དང་འཕྲོད་ཅིང་ཕན་པའི་གཏམ་གྱི་དཔོན་སློབ་ཡུད་ཙམ་ཡང་མི་འབྲལ་བ་ལྟ་བུར་གྱུར་ཏོ། །དེ་ནས་རྗེ་ཐམས་ཅད་མཁྱེན་པ་ཆེན་པོའི་གསུང་གིས། དེ་ལྟར་བདེ་བར་གཤེགས་པའི་གསུང་རབ་ཀྱི་ཚིག་དོན་ཀུན་ལ་ཐོས་བསམ་དང༌། དེ་ཡང་གོ་ཡུལ་མ་ལུས་པའི་ཉམས་ལེན་ལ་ལེགས་པར་འགྲིལ་བའི་ཐུགས་