[A:82]བཞེད་ནི། རྒྱལ་བ་སྲས་བཅས་ཀྱི་ལན་གཅིག་མ་ཡིན་པར་བསྔགས་པའི་ལྷག་བསམ་དང་འདུན་པ་ཕུལ་དུ་བྱུང་བ་ཡིན་པས་ཤིན་ཏུ་ངོ་མཚར༑ ངེད་ཀྱི་ཆོས་མང་པོ་གཅིག་ཚུགས་ནས་ཞག་གཉིས་གསུམ་སོང་ནའང༌། ད་ལན་ལ་འཕྲོ་གང་ཚུགས་ཀྱི་མཚམས་ནས་གསན་པས་ཁྱབ། དེ་རིང་ཉིད་ནས་ལེགས་པར་གསོན་གསུང༌༑ ཞིབ་ཀྱལ་བཟང་པ་ཞིག་དང་ཆུ་གདོར་ལ་སོགས་པ་གནང་སྟེ། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གིས་ལེགས་པར་བསྐྱོང་བར་ཞལ་གྱིས་བཞེས་སོ། །
གསུམ་པ་ལ་སྦྱངས་པའི་ཡོན་ཏན་དང་བརྩོན་འགྲུས་གཙོ་བོར་གྱུར་པའི་ཡོན་ཏན་ནི། དེ་ལས་རྒྱལ་བའི་གསུང་རབ་རབ་འབྱམས་ཀྱི། །ཚིག་དོན་མཐའ་དག་དག་པར་ཐུགས་ཆུད་ཅིང༌། །ཚུལ་བཞིན་ལེགས་སྒྲུབ་སྒྲུབ་ལ་སྐྱོ་མེད་པར།། ལེགས་སྦྱངས་སྦྱངས་པའི་ཡོན་ཏན་བརྟེན་ལ་འདུད༌། །ཅེས་པ་སྟེ། དེའི་ཚེ། ཕར་ཕྱིན་དང༌། མངོན་པ་གོང་འོག་གཉིས་དང༌། མདོ་སྡེ་རྒྱན་དང༌། སྤྱོད་འཇུག་དང༌། དབུ་མ་རྩ་འཇུག་གཉིས་དང༌། རྒྱུད་བླ་མ་རྣམས་ལེགས་པར་གསུང་གི་འདུག་པ་རྣམས་མཐའ་དག་གསན། གཞུང་གསར་དུ་འཛིན་དགོས་པ་འཕྲལ་དུ་བཟུང༌། གསུང་ཆོས་མཐའ་དག་སྐྱོར་བརྗོད་དང༌། དགེ་བའི་བཤེས་གཉེན་གཞན་ཡང་བཟང་ལ་མང་བ་འདུག་པ་རྣམས་དང་ལྷན་ཅིག་རྒལ་བརྟག་དང་འབེལ་གཏམ་ལ་སོགས་པས་དུས་མདའའདའ་བར་མཛད་དེ། དགའ་བ་དང་རངས་པ་དང་སྤྲོ་བ་དང་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་བའི་དབང་གིས་ཉིན་མཚན་གྱི་བྱེ་བྲག་མི་ཕྱེད་པ་ཙམ་དུ་གུས་སྦྱོར་དང༌། རྟག་སྦྱོར་གྱི་བརྩོན་འགྲུས་མཛད་པས་བླ་མ་མཉེས་ཤིང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དག་ཀྱང་ཤིན་ཏུ་ངོ་