R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 83
[A:83]མཚར་བའི་དད་པ་སྐྱེས་ཏེ། ཕན་ཚུན་གཏམ་དུ་གླེང་བ་ཐམས་ཅད་ཀྱང་རྗེ་འདི་ཉིད་ཀྱི་ཡོན་ཏན་བསྔགས་པ་བརྗོད་པ་ཉིད་དུ་ལྷུར་ལེན་པར་གྱུར་ཏོ། །དེ་ལྟ་བུའི་ཚུལ་གྱིས་ལོ་ཆེན་གྱིས་ཆོས་འཁོར་བསྐོར་བའི་རྩ་བའི་གནས་སྟག་ཚང་རྫོང་ཁ་དང༌༑ ཆོས་བར་མཛད་པའི་གནས་རྫོང་གསར་བཀྲ་ཤིས་སྒང་དང༌། རྟ་ནག་རི་ཁུད་དང༌། འོའུ་ཡུག་དང༌། ཤངས་ཕུའི་ཕུབ་ཆུང་ལ་སོགས་པ་རྣམས་གར་འབྱོན་དུ་ཕྱག་ཕྱིར་འབྲལ་མེད་དུ་འབྱོན་ཏེ། ཕྱག་དཔེའི་ཁྲེས་པོ་ཤིན་ཏུ་ཆེ་བ་རེ་བསྣམས་པ། ཆོས་རྗེ་ལོ་ཆེན་གྱིས་གཟིགས་ནས། བླ་མ་ནམ་འོད་པ་དེ་ཙམ་གྱི་གཟིགས་རྟོག་ལ་ཆེད་གཉེར་མཛད་པ་ཤིན་ཏུ་འོར་ཆེ། དཔེ་ཆའི་ཁྲེས་པོ་ཆེ་དྲག་པས་འོ་རྒྱལ་བར་འདུག དཔེ་ཆ་ཚན་ཅིག་ངེད་ཀྱི་རྟ་ཕང་དུ་ཐོང་གསུང༌། བླ་མའི་བཀའ་བཙན་པས་ཚན་པ་རེ་ཕྱག་ཏུ་ཕུལ། དེ་ཕྱག་ཕྱི་བ་གཞན་གྱིས་མཐོང་བ་ན་དེ་དག་གིས་ཐོགས་རེ་ཁུར། འོན་ཀྱང་དེ་དག་གིས་འཐབ་ཏུ་བྱུང་དོགས་ནས༑ སྐབས་རེ་ནས་ང་རང་གིས་ཁྲེས་པོར་བྲགས་ནས་འཁུར་ཏེ། མཚན་མོར་གར་སླེབ་ཀྱི་ལམ་ཁར་ཡང་མར་མེ་རེ་བརྩོལ་བ་བྱས་ནས་ལྟ་རྟོག་བྱས། ཆོས་གར་གསུང་དུ་ཡང༌། ཉིན་མོ་ཉན་པས་དུས་མདའ། ལྟ་རྟོག་བྱེད་ལོང་མི་ཡོང་བར་འདུག་པས། མཚན་མོ་མིག་དམར་ཚག་སོང་སོང་གི་བར་དུ་མར་མེ་ལ་ལྟས། དེ་ལྟར་ལྟ་བ་དང་ཉན་པ་སྦྲགས་པས་དེ་དུས་ཀྱི་བློ་སྐྱེད་ཙམ་རྒྱུན་དུ་ཡོང་ན་མཁས་པའི་མཁས་པ་ཡོང་བར་འདུག དེའི་ཚེ་ན་སོ་རྒན་དུ་སོང་བས་གཉིད་ཀྱང་ཡེ་ལོག་མི་དགོས་པ་ཞིག་ཡོད་ཅེས་ཞལ་ལས་དངོས་སུ་ཐོས་སོ། ཁྱད་པར་ཆོས་རྗེ་ལོ་ཆེན་གྱིས་རྫོང་གསར་བཀྲ་ཤིས་སྒང་དུ་ཆོས་མང་དུ་གསུང་པ་གཅིག་གི་དུས་སུ༑ ཁམས་ནས་རྗེ་འདི་ཉིད་ལ་གཏད་ནས་ཡོངས་པའི་གྲྭ་པ་མང་པོ་ལ་འབྲུམ་ནད་