[A:86]ཁང་དམར་དུ་ཚོལ་དུ་བྱོན་པ་དང༌། དེ་དུས་ཤ་རུ་ནས་ཁ་ཚང་པ་རྒྱལ་མཚན་དཔལ་དང༌༑ མཆོག་ལུང་ནས་ཆུ་ཐགས་པ་རྒྱལ་མཚན་བཟང་པོ་ཞེས་བྱ་བས་རྩམ་པ་གཞོང་པ་རེ་ཙམ་དང་མར་དཀྲོག་རེ་ཙམ་ཕུལ། བསོད་སྙོམས་རྒྱུན་དུ་བྱིན་པས༑ ཆོས་སྒྲུབ་པའི་མཐུན་རྐྱེན་པ་ཡིན་གསུང་ནས་ཕྱིས་ཀྱང་དྲིན་གཟོ་མཛད། དེ་དུས་སྐབས་གཅིག་ཏུ་མར་དཀྲོག་བཟང་པོ་ཞིག་འབུལ་མཁན་བྱུང་བ་དེ་མ་ཐག་ཏུ། ཆོས་རྗེ་ལོ་ཆེན་གྱི་གསོལ་ཇ་བ་ལ་གཏད་ནས་བཤོས་མར་སོགས་ལ་གང་འགྲོ་མཛོད་གསུང་བ། གསོལ་ཇ་བས་སྐུ་མདུན་དུ་ཕུལ་བས། ཁོང་པ་ལ་སུས་ཕུལ་གསུང༌། བསོད་སྙོམས་ལ་བྱོན་པས་འབུལ་མཁན་བྱུང་པར་གདའ་བ་ཞུས་པས་རྒྱུན་དུ་བསོད་སྙོམས་མཛད་ན་འོ་རྒྱལ། ཞིབ་ཀྱལ་བཟང་པ་ཞིག་ཕུལ་གསུང་ནས་གནང་བས། མར་དཀྲོག་དེས་ཀྱང་བླ་མའི་སྐོར་དང་སྦྱར་ཞེས་གསུང་ངོ༌༑ ༑མདོར་ན། རང་གི་ཆོས་ཡོངས་སུ་རྫོགས་པའི་དོན་བསྡུ་བ་ནི། དེ་ལྟར། འདྲེན་མཆོག་ཆོས་རྗེ་རྣམ་གསུམ་གྱི། །ལུང་དང་རྟོགས་པའི་བསྟན་པ་མ་ལུས་པ།། རྫོགས་པར་རྒྱལ་སྲས་ཁྱེད་ཀྱིས་ལེགས་པར་བཟུང༌། །ཟླ་མེད་སྲས་ཀྱི་ཐུ་བོར་གྱུར་ལ་འདུད། །ཅེས་པ་སྟེ། གཡས་རུ་སྟག་ཚང་གི་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ། གྲོམ་པ་རེད་མདའི་མཁས་པ་གཞོན་ནུ་བློ་གྲོས། མདོ་སྨད་ཙོང་ཁའི་བསྟན་འཛིན་བློ་བཟང་གྲགས་པ་སྟེ། དབུས་གཙང་གི་ཆོས་རྗེ་རྣམ་གསུམ་དུ་གྲགས་པ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པའི་བྱ་བ་ཚུལ་བཞིན་དུ་མཛད་པས༑ ས་གསུམ་ན་སྙན་པའི་གྲགས་པས་ཁྱབ་པ། ཁྱད་པར་གནམ་རྩེ་ལྡེང་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་རྨད་དུ་བྱུང་བ༑ སྔོན་ཆད་འཇིག་རྟེན་དུ་མ་བསྐོར་བ་ཞིག་ལེགས་པར་བསྐོར་བས་རྒྱལ་བའི་